རང་གིས་རང་ལ་བསྟོད་པ་ནི། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-30 14:18:38     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170828160532.jpg

ཨོཾ་སྭ་སྟི། རབ་དཀར་དགེ་ཚོགས་སྟོང་གིས་བསྐུན་པའི་སྐུ། འདུན་ལྡན་རྒྱ་མཚོའི་རེ་བ་སྐོང་བའི་གསུང་། །དཔལ་ལྡན་ཤེས་བྱ་མ་ལུས་གསལ་བའི་ཐུགས། །འཕྲིན་ལས་བཟང་པོ་རྟག་ཏུ་རྒྱལ་གྱུར་ཅིག །གཞོན་ནུ་ཉིད་ནས་ལྷ་དང་བླ་མ་ཡིས། །བྱིན་གྱིས་བརླབས་པའི་སྣང་བ་རབ་རྒྱས་ཤིང་། །གསུང་རབ་ཀློག་དང་ཡི་གེའི་གཙུག་ལག་སོགས། །མ་བསླབས་པར་ཡང་མཐའ་དག་ཐུགས་སུ་ཆུད། །ཚེ་རབས་མང་པོར་མཁས་པར་རབ་སྐྱངས་པས། །སྐྱེས་ཙམ་ཉིད་ནས་སྡེབ་ལེགས་སྙན་ངག་གི །མེ་ཏོག་ཕྲེང་མཛེས་སྤེལ་ལ་ཐོགས་མེད་པའི། །(༢༨བ)དབྱངས་ཅན་བཞད་པའི་རྡོ་རྗེ་རྒྱལ་གྱུར་ཅིག །ཐུབ་པའི་བསྟན་པ་འཆི་མེད་སྐྱེད་ཚལ་དུ། །ཚངས་སྤྱོད་སྦྲང་རྩིའི་ཆང་གིས་མྱོས་པ་ཁྱོད། །འདུལ་བ་འབུམ་སྡེ་མགྲིན་པའི་རྒྱུད་མང་སྒྲས། །བློ་གསལ་རྣ་བའི་བདུད་རྩི་འགྱེད་ལ་མཁས། །མདོ་སྔགས་གཞུང་ལུགས་སྟོང་གི་ནམ་མཁའ་ལ། །བློ་གྲོས་དཀྱིལ་འཁོར་ཐོགས་པ་མ་མཆིས་ཤིང་། །རྒྱ་ཆེན་བཤད་པའི་འོད་ཟེར་འབུམ་ཕྲག་གིས། །རྣམ་མང་ཤེས་བྱའི་ཁྱོན་ཀུན་ཅིག་ཅར་གསལ། །མང་དུ་ཐོས་པའི་རལ་ཁུར་ཅི་ཡང་འཛིན། །དངོས་སྟོབས་རིགས་པའི་སྦར་ཁྱིམ་རྣམ་པར་གཡོ། །སྙན་ངག་རྩོམ་པའི་གད་རྒྱངས་མཐོན་པོ་ཅན། །ཐུབ་བསྟན་གངས་རི་སྐྱོང་བ་ཁྱོད་ཉིད་ལགས། །རྟག་ཏུ་འགྲོ་ལ་བརྩེ་བའི་བྱང་ཆུབ་སེམས། །རླབས་ཆེན་སྤྱོད་པའི་འོད་དཀར་སྟོང་འཕྲོ་བ། ཁྱོད་ཐུགས་མཁའ་དབྱིངས་མཛེས་པའི་ལང་ཚོ་ལ། །གསལ་བར་འགྲོགས་པའི་མཛེས་སྡུག་ཅི་ཡང་འཛིན། །རྣམ་དཔྱོད་འགྲན་ཟླ་མེད་པའི་དེད་དཔོན་གྱིས། །རྒྱུད་སྡེ་རྒྱ་མཚོའི་ཁྱོན་ལ་དབང་སྒྱུར་ཞིང་། །རིམ་གཉིས་དབང་གི་རྒྱལ་པོའི་ཅོད་པན་གྱིས། །བསླབ་གསུམ་རིན་ཅེན་གདེངས་ཀ་མཆོག་ཏུ་མཛེས། །བཤད་དང་སྒྲུབ་པའི་དཔུང་པའི་ཀ་བ་ཡིས། །བདེ་གཤེགས་བསྟན་པའི་ས་ཆེན་འདེགས་མཁས་པ། ཁྱོད་ཀྱི་འཕྲིན་ལས་རྒྱུན་ཆད་མེད་པའི་འོད། །བློ་བཟང་བསྟན་པའི་པད་ཚལ་བཞད་པའི་གཉེན། །མཐོང་དང་ཐོས་དང་དྲན་དང་རེག་པས་ཀྱང་། །མཐའ་དག་སྐྱེ་བོའི་ཚོགས་ལ་སྐལ་བཟང་སྩོལ། །དགའ་ལྡན་ལྷ་བརྒྱའི་ཕོ་བྲང་ཉམས་དགའ་བར། །འགྲོ་ཀུན་འདྲེན་མཛད་ཁྱོད་ལ་(༢༩ན)ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་དཔག་མེད་ཀྱིས། །མཚོན་པའི་རྣམ་དཀར་ཕུང་པོ་ཅི་མཆིས་པ། །གཅིག་ཏུ་བསྡོམས་པ་དེ་ཡང་དགེ་བའི་བཤེས། ཁྱོད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །རང་གིས་རང་ལ་བསྟོད་པ་ནི། །རིགས་པ་མིན་ཡང་རིགས་སོ་ཞེས། །ནན་གྱིས་བསྐུལ་བའི་ནན་ཚིག་ངོར། །སྨྲས་ལ་མཁས་རྣམས་བཟོད་པར་མཛོད། །ཅེས་པ་འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།། །།

                                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས།
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།