དཔལ་ལྡན་བླ་མ་དམ་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞབས་ལ་མདོ་ཙམ་དུ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 17:17:19     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170828160940.jpg

微信图片_20170828160940.jpg

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོར་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །དཔལ་ལྡན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་འབྱོར་བས་ཕྱུག །ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་ཅན། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་ལེགས་པར་(༢༧བ)འཁྲུངས། །དོན་གཉིས་འབྱོར་བའི་བང་རིམ་མངོན་པར་མཐོ། །སྐུ་གཉིས་ལྷུན་གྲུབ་ཉི་ཟླའི་སྣང་བས་མཛེས། །བསྔགས་འོས་བླ་མ་མཆོག་ལ་གསོལ་བ་འདེབས། །ལྷག་བསམ་ཀུན་གསལ་མཛེས་མའི་ངོས་ལས་འོངས། །ཕྱིན་དྲུག་སྤྱོད་པའི་འོད་དཀར་དྲ་བ་ཅན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཟླ་འོད་ཀྱིས། ཁྱོད་ཐུགས་རྟག་ཏུ་མཛེས་ལ་གསོལ་བ་འདེབས། །འཇིགས་མེད་སེང་གེའི་ཁྲི་ལ་རབ་འཛེགས་ནས། །ལུང་རིགས་སྨྲ་བའི་འདུས་པ་རྒྱ་མཚོའི་དབུས། །སེང་གེའི་ང་རོ་སྒྲོག་ལ་མ་ཞུམ་པ། །སྨྲ་བའི་ཁྱུ་མཆོག་ཁྱོད་ལ་གསོལ་བ་འདེབས། །ཇི་སྙེད་ཤེས་བྱའི་སྣང་བ་ཀུན་འཆར་བའི། །ནམ་མཁའི་ཁྱོན་ལྟར་ཡངས་པའི་མཁྱེན་རབ་ཀྱིས། །ཟབ་ཡངས་མདོ་དང་རྒྱུད་སྡེའི་ཆོས་ཚུལ་ལ། །མཁས་པའི་མཆོག་ཏུ་གྱུར་ལ་གསོལ་བ་འདེབས། །ཆོས་ཀུན་གདོད་ནས་སྤྲོས་པ་ཀུན་བྲལ་ཡང་། །ལས་འབྲས་རྟེན་འབྲེལ་བསླུ་བ་མེད་གཟིགས་ནས། །སྡོམ་པ་གསུམ་གྱི་རོ་བརྒྱའི་བདུད་རྩིའི་བཅུད། །ངོམས་པ་མེད་པར་གསོལ་ལ་གསོལ་བ་འདེབས། །རྟག་ཏུ་ཐུགས་རྗེ་ཆེན་པོའི་གཞན་དབང་གིས། །རབ་འབར་དམྱལ་བའི་གྲོང་ཡང་གཞལ་མེད་ཁང་། །ནོར་བུའི་རང་བཞིན་ལྟར་དགོངས་གཞན་གྱི་དོན། །ལྷུར་མཛད་སེམས་དཔའ་ཆེ་ལ་གསོལ་བ་འདེབས། །གང་སྐུ་མཐོང་བས་དད་པའི་སྤུ་ལོང་གཡོ། །སྙན་པའི་གསུང་དབྱངས་སྙིང་གི་གདུང་བ་སེལ། ཁྱོད་ཐུགས་དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག །ཟླ་མེད་དམ་པའི་སྐྱབས་ལ་གསོལ་བ་འདེབས། །དེ་ལྟར་བླ་མ་མཆོག་གི་ཡོན་ཏན་ཚོགས། །ཆ་ཤས་ཙམ་(༢༨ན)ཞིག་བརྗོད་པའི་རྣམ་དཀར་གྱིས། །དངོས་གྲུབ་འབྱུང་གནས་ཐེག་མཆོག་བཤེས་གཉེན་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ལམ་བཟང་འདོམས་བྱེད་བཤེས་གཉེན་དམ་པ་རྣམས། །རབ་འབྱམས་རྒྱལ་བའི་འཁོར་ལོར་ཡིད་ཆེས་ནས། །མཚན་ཙམ་རྣ་བར་ལྷུང་ཚེ་དབང་མེད་དུ། །དད་པའི་སྤུ་ལོང་གཡོ་བར་བྱིན་གྱིས་རློབས། །དེ་ཡི་མཐུ་ལས་དཀར་བ་མ་མཆིས་པར། །གཞུང་ལུགས་ཐམས་ཅད་གདམས་པར་ཤར་གྱུར་ནས། །ཟབ་ལམ་མཐའ་དག་རྒྱུད་ལ་སྐྱེས་གྱུར་ཏེ། །སྐུ་གསུམ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་དཔལ་ལྡན་བླ་མ་དམ་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཞབས་ལ་མདོ་ཙམ་དུ་བསྟོད་པ་དད་པའི་ལྕགས་ཀྱུ་ཞེས་བྱ་བ། དཀའ་བཅུ་པ་དཔལ་འབྱོར་ཆོས་ཀྱི་དབང་ཕྱུག་གིས་བསྐུལ་བའི་ངོར། དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཤར་ཕྱོགས་ཀོང་ཡུལ་དུ་སྨྲས་པའོ།། །།

                                                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
         གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn ངེད་དགེ་ལུགས་པའི་དྲ་བ། རྗེ་དགེ་འདུན་རྒྱ་མཚོ། 
 

བརྒྱུད་འགོད།