མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་པཎ་ཆེན་ལུང་རིགས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 17:10:07     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170828161000.jpg

དུས་གསུམ་སངས་རྒྱས་ཐམས་ཅད་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ལུང་རིགས་ཆོས་རྣམས་ཀུན་གྱི་རྒྱ་མཚོ་སྟེ། །འཕགས་མཆོག་དགེ་འདུན་ཀུན་གྱི་གཙུག་གི་རྒྱན། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །མཐོ་རིས་ཡོན་ཏན་ཀུན་གྱི་འཛིན་མའི་གཞིར། །རྒྱ་ཆེན་མང་དུ་ཐོས་པའི་གཞལ་མེད་ཁང་། །ཚུལ་བཞིན་སྒྲུབ་པའི་བ་གམ་མཐོན་པོ་ཅན། །ཕྱོགས་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །བསླབ་པ་གསུམ་གྱི་རྩ་བ་རབ་བརྟན་ཅིང་། །ཤེས་རབ་གསུམ་གྱི་ཡལ་གའི་ཁྱོན་ཡངས་ལ། །སྡེ་སྣོད་གསུམ་གྱི་ལོ་འདབ་ཕྱོགས་བཅུར་རྒྱས། །རིགས་ཅན་གསུམ་གྱི་མགོན་ལ་གསོལ་བ་འདེབས། །རྒྱུད་སྡེ་རྣམ་བཞིའི་ཕ་མཐའ་མི་མངོན་ཞིང་། །བསྙེན་སྒྲུབ་རྣམ་བཞིའི་རླབས་ཕྲེང་གཡོ་བ་ཅན། །འཕྲིན་ལས་རྣམ་བཞིའི་དབུ་བའི་དོ་ཤལ་འཛིན། །སྐུ་བཞིའི་གོ་འཕང་བརྙེས་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་བཤེས་གཉེན་མང་བསྟེན་ནས། རྒྱ་ཆེན་མདོ་དང་རྒྱུད་སྡེའི་གསུང་(༢༦བ)རབ་ཀུན། །ཐུགས་སུ་ཆུད་ནས་འཇིགས་མེད་སེང་གེའི་སྒྲ། །མཁས་པའི་ཚོགས་སུ་བསྒྲགས་ལ་གསོལ་བ་འདེབས། །གང་གི་མཁྱེན་པའི་ནམ་མཁའ་རབ་ཡངས་པར། །ལུང་དང་རིགས་པའི་ཆུ་འཛིན་ཕུང་པོ་ལས། །ལེགས་བཤད་ཆར་ཆེན་ཕབ་པས་ཐུབ་བསྟན་གྱི། །རྒྱ་མཚོ་ཡོངས་སུ་གང་ལ་གསོལ་བ་འདེབས། །བཀྲ་ཤིས་བང་རིམ་རྣམ་བཀྲ་ལྷུན་པོའི་རྩེར། །བློ་གསལ་འཆི་མེད་ཚོགས་ཀྱིས་གུས་བསྟེན་ཅིང་། །ཐེག་མཆོག་བདུད་རྩིའི་དཔལ་ལ་དབང་སྒྱུར་བ། །ཆོས་ཀྱི་སྤྱན་སྟོང་མངའ་ལ་གསོལ་བ་འདེབས། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤའི། །བསྟན་པའི་སྲོལ་ལ་མངོན་དགྱེས་བཀའ་གདམས་ཀྱི། །ཆོས་ཀྱི་རྒྱལ་སྲིད་དཔལ་དང་རབ་ལྡན་པ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཐུབ་པའི་ཆོས་ཚུལ་ཀུན་གྱི་སྙིང་པོ་མཆོག །ལུང་དང་རིགས་པས་རྒྱུད་སྡེའི་རྒྱ་མཚོ་ལ། །དབང་སྒྱུར་ཆོས་ཀྱི་དེད་དཔོན་རབ་བརྙེས་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །མ་དག་སྐྱེ་ཤི་བར་དོའི་འཁྲུལ་འཁོར་ནི། །ཐབས་མཁས་མཆོག་གིས་རྒྱལ་བའི་སྐུ་གསུམ་དུ། །ཡིད་ངོར་སྒྱུར་བྱེད་རིམ་པ་དང་པོའི་ལམ། །ཇི་བཞིན་མངོན་དུ་གྱུར་ལ་གསོལ་བ་འདེབས། །ཟླ་ཉིའི་མགྱོགས་འགྲོ་སྒྲ་གཅན་ལམ་དུ་ནི། །ལེགས་པར་བཅིངས་ལས་སྟོང་ཉིད་མཛེས་མ་དང་། །མཉམ་སྦྱོར་ལྷན་ཅིག་སྐྱེས་པའི་ཐུགས་མངའ་བ། །གྲུབ་པའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །དེ་ལྟར་དམ་པའི་མགོན་གྱི་ཞབས་པད་ལ། །སྡེབ་ལེགས་ཚིག་གི་མེ་ཏོག་གིས་མཆོད་པས། །འགྲོ་བ་ཀུན་(༢༧ན)ཀྱང་ཐེག་མཆོག་བཤེས་གཉེན་གྱིས། །འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །རྙེད་དཀའི་དོན་ཆེའི་དལ་འབྱོར་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པས་བྱི་དོར་ལེགས་བྱས་ནས། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་རྩེར་སོན་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཡན་ལག་བཅུ་གཉིས་སྲིད་པའི་འཁོར་ལོ་འདི། །ཚེ་གཅིག་ཉིད་ལ་རྒྱུན་བཅད་སྐུ་གསུམ་གྱི། །གོ་འཕང་སྒྲུབ་བྱེད་ཟབ་ལམ་ཀུན་གྱི་ཕུལ། །རིམ་གཉིས་ཉམས་སུ་ལེན་པར་བྱིན་གྱིས་རློབས། །ཞེས་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་པཎ་ཆེན་ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་འདི་ནི་རི་མཁར་ནས་ནང་པ་མདའ་དཔོན་པ་སྐུ་མཆེད་ཀྱི་གསུང་གིས་བསྐུལ་ཞིང་། རྗེ་ཉིད་ཀྱི་ཞབས་འབྲིང་བགྱིད་པའི་གསོལ་དཔོན་གྲོགས་མཆེད་རྣམས་ཀྱིས་ཀྱང་ལེགས་པར་བསྐུལ་བའི་ངོར། ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམས་ཁང་དུ་ཉེ་བར་སྦྱར་བའོ།། །།

                              རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
        གསལ་འདེབས།
 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
     དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།