ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཞེངས་པའི་ཚེ་བཀྲ་ཤིས་པའི་ཚིགས་སུ་བཅད་པ།
རྒྱལ་བ་དཔག་མེད་རྣམས་ཀྱི་ཚངས་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་འཁོར་ལོ་བསྐོར་བའི་ཁུར། །གང་གིས་བཟུང་བའི་རི་ཡི་དབང་པོ་ནི། །དཔལ་ལྡན་བྱ་རྒོད་ཕུང་པོ་ཞེས་སུ་གྲགས། །རྨད་བྱུང་ས་འཛིན་ཕྱོགས་དེར་མངོན་གཤེགས་ནས། །ཕྱོགས་བཅུའི་ཞིང་ཀུན་འོད་ཀྱིས་རབ་འགེངས་ཤིང་། །ས་ཆེན་རྣམ་པ་དྲུག་ཏུ་གཡོ་མཛད་པའི། །ཤཱཀྱ་སེང་གེའི་ཞབས་ལ་གུས་ཕྱག་འཚལ། །དེར་ནི་ཐུབ་པའི་དཔལ་གྱི་མགུར་ནས་ནི། །ཕུན་ཚོགས་འཁོར་ལ་ལེགས་པར་བཀའ་སྩལ་པ། །གསུང་རབ་ཀུན་གྱི་རབ་དང་ཕུལ་ཉིད་ནི། །ལེགས་བཤད་ཟླ་མེད་ཤེས་རབ་ཕ་རོལ་ཕྱིན། །དེ་ནི་ལྷ་མིའི་འདྲེན་པས་ལན་གསུམ་དུ། །ཆོས་འཛིན་ཀུན་དགའ་བོ་ལ་གཏོད་པ་ན། །ང་ཡིས་བཤད་པའི་ཆོས་ཀྱི་རྣམ་གྲངས་གཞན། །མ་ལུས་བོར་ཏམ་ཆུད་གཟན་གྱུར་ཀྱང་བླའི། །རྒྱལ་བའི་ཡུམ་འདི་ཅུང་ཟད་ཆུད་གཟན་ན། །དེ་ཚེ་ཁྱོད་ལ་སྐྱོན་དུ་བཟུང་ངོ་ཞེས། །ནན་ཏན་ཆེན་པོས་བཀའ་སྩལ་མཛད་པ་དང་། །མདོ་སྡེའི་མཆོག་འདི་གང་དུ་བཞུགས་པའི་ཡུལ། །དེར་ནི་རྒྱལ་བའི་དབང་པོ་བཞུགས་སོ་ཞེས། །སྟོན་པ་ཉིད་དང་ཁྱད་པར་མ་མཆིས་པར། །ཉིད་ཀྱི་ཞལ་ནས་རྣམ་པ་དུ་མར་བསྔགས། །འདི་བྲིས་པ་དང་ཀློག་དང་མཆོད་ལ་སོགས། །གསུང་རབ་གཞན་ལས་ཆེས་ཆེར་ཁྱད་ཞུགས་པར། །ཡང་དང་ཡང་དུ་གཏན་ཚིགས་དང་བཅས་ཏེ། །ལེགས་པར་གསུངས་ཕྱིར་ཆོས་འདི་འདྲི་བ་དང་། །ཀློག་དང་མཆོད་སོགས་བྱེད་རྣམས་སྐལ་བ་བཟང་། །ཚུལ་འདི་སྔོན་བྱུང་སྐྱེ་བོ་མཁས་རྣམས་ཀྱིས། །འབད་པ་དུ་མས་རྒྱ་ཆེར་བསྔགས་པས་ན། །ད་དུང་ས་འདིར་དད་ལྡན་སྐྱེ་བོ་དག །བསོད་ནམས་མིག་ནི་ཟུམ་པར་མ་གྱུར་ཏོ། །དེ་ཕྱིར་མདོ་སྨད་ས་ཆར་སྐྱེས་པ་ཡི། །འདིང་རིགས་སྣེ་ན་དགེ་རྒན་ཞེས་བྱ་བ། །དགེ་ལེགས་འབུམ་ཕྲག་དུ་མའི་གཞིར་གྱུར་པའི། །ལམ་བཟང་འདི་ལ་ཤིན་ཏུ་དད་གྱུར་ཏེ། །རྨད་བྱུང་མདོ་འདི་བཞེངས་ལ་ཉེར་མཁོའི་རྫས། །བཟང་མང་ཐོགས་ནས་དཔལ་གྱི་ཕག་མོ་གྲུར། །འཇུག་པར་འདོད་ནས་ལམ་རིངས་ཞུགས་པ་ན། །མི་བསྲུན་སྐྱེ་བོ་དེ་ཡི་གེགས་སུ་གྱུར། །དེ་ནས་དད་ལྡན་སྐྱེ་བོས་རིང་མོ་ནས། །ཡིད་ལ་བརྣག་པའི་དོན་ཆེན་འགྲུབ་པའི་ལས། །འབད་པས་བསྒྲུབ་པའི་རེ་བ་ཆད་པ་ཡི། །གཞན་གྱི་ཡིད་ཀྱི་གདུང་བ་མ་བཟོད་ནས། །བསྒྲུབ་བརྒྱུད་བསྟན་འཛིན་གཙུག་ན་རི་དབང་བཞིན། །རབ་ཏུ་མཐོ་བའི་སྤྱན་སྔ་ཆོས་རྗེ་དང་། །ས་ཆེན་སྐྱོང་བ་འཁོར་ལོས་བསྒྱུར་བ་བཞིན། །མཚུངས་བྲལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། །ཐག་རིང་གདུལ་བྱའི་ཡིད་ལ་རེ་བའི་དོན། །ཇི་བཞིན་བསྒྲུབས་པའི་བཀའ་ལུང་གཉེན་པོ་སྩལ། །གསུང་དེ་བསྒྲུབ་ཕྱིར་རྒྱལ་བའི་བསྟན་པ་ལ། །གུས་པའི་བློ་ཅན་བཀྲ་ཤིས་རྒྱལ་མཚན་གྱིས། །བཻཌཱུརྱ་ལྟར་དག་པའི་མཐིང་ཤོག་ལ། །རིན་ཆེན་གསེར་དང་དངུལ་གྱི་ཡི་གེའི་གཟུགས། །བར་བར་བདེ་གཤེགས་རྣམས་ཀྱི་མཛེས་པའི་སྐུས། །ལེགས་པར་བརྒྱན་པའི་སྟོང་ཕྲག་བརྒྱ་པ་བཞེངས། །མཁས་པར་སྦྱངས་པའི་ཡིག་མཁན་མང་བསྡུས་ཤིང་། །དེ་ལའང་དངོས་པོ་གྱ་ནོམ་སྩལ་པ་དང་། །རིན་ཆེན་རྒྱལ་མཚན་ཞེས་བྱས་ལེགས་བསྐུལ་བས། །ཚུལ་འདི་གཞན་ལས་ཁྱད་པར་འཕགས་པར་གྲུབ། །དཀར་ཕྱོགས་སྐྱོང་ལ་མཐུ་དང་རབ་ལྡན་པ། །ལྷ་ཡི་དགེ་བསྙེན་འོ་དེ་གུང་རྒྱལ་གྱི། །གངས་རི་རབ་དཀར་མཛེས་པའི་ཁོར་ཡུག་ལ། །ས་གཞི་རྣམ་པར་ཆགས་པའི་དཔལ་འཛིན་པ། །རྣམ་མང་སྐྱེ་བོའི་ཚོགས་ཀྱིས་གང་བ་ཡི། །སྦྲང་ཡུལ་འོལ་ཁར་ས་ཡི་དུམ་བུ་ལ། །མི་ཡི་བདག་པོའི་ཕོ་བྲང་གནས་གྱུར་པ། །སྟག་རྩེ་ཞེས་བྱའི་གཞིས་ཀར་གྲུབ་པ་ཡིས། །བདེ་གཤེགས་ཀུན་གྱི་ལམ་གཅིག་པུ། །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །རབ་ཟབ་བསྟན་པའི་སྙིང་པོ་མཆོག །གཞུང་བཟང་སྟོང་ཕྲག་བརྒྱ་པ་ནི། །བསྒྲུབས་ལས་བསོད་ནམས་གང་ཐོབ་དེས། །ལན་མང་བརྩེ་བས་བསྐྱངས་པའི་མ། །འཁོར་བའི་རྒྱ་མཚོ་ཆེར་འཁྱམས་པ། །ཀུན་གྱི་སྡུག་བསྔལ་ཞི་གྱུར་ཅིག །དེ་ལྟར་སྲིད་མཚོ་ནས་འདྲེན་པའི། །རྐང་གཉིས་གཙོ་བོ་སངས་རྒྱས་སུ། །རིང་པོར་མི་ཐོགས་བདག་གྱུར་ཏེ། །འགྲོ་ཀུན་སངས་རྒྱས་སར་འདྲེན་ཤོག །ཇི་སྲིད་དེ་མ་ཐོབ་པ་ཡི། །སྐྱེ་བ་འདི་དང་གཞན་དག་ཏུ། །ཐེག་མཆོག་རིགས་སུ་སྐྱེ་བ་དང་། །བཤེས་གཉེན་དམ་པ་རྙེད་པར་ཤོག །དེ་ལས་ཤེས་རབ་ཕ་རོལ་ཕྱིན། །ལེགས་པར་ཐོས་ཤིང་སེམས་པ་དང་། །དེ་དོན་ཚུལ་བཞིན་སྒྲུབ་པ་ཡིས། །རྒྱལ་རྣམས་མཉེས་པར་བྱེད་པར་ཤོག །སེམས་ཅན་ཉོན་མོངས་དབང་སོང་བས། །ལུས་དང་ངག་དང་ཡིད་ཀྱིས་ནི། །སྡིག་པ་གང་དག་བགྱིས་པ་རྣམས། །དེ་དག་ཐམས་ཅད་བྱང་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང་། །དེ་ཡིས་བསྟན་པའི་ལམ་བཟང་ལ། །རླབས་ཆེན་བརྩོན་འགྲུས་རྩོམ་པར་ཤོག །རིགས་མཐོ་གཟུགས་མཛེས་གཟི་བརྗིད་ཆེ། །ཚེ་མཐར་ཕྱིན་དང་ནད་མེད་དང་། །ཆོས་ལྡན་འབྱོར་པ་ཕུན་སུམ་ཚོགས། །ཤེས་རབ་རྒྱ་ཆེན་ཐོབ་པར་ཤོག །གཞན་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་བ་དང་། །ཡིད་ལ་དགའ་བ་རྒྱས་བཞིན་དུ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཤིན་ཏུ་རྒྱས་པའི་མདོ་སྡེ་འདི། །གང་དང་གང་དུ་བཞུགས་གྱུར་པ། །དེ་དང་དེར་ནི་མི་མཐུན་ཕྱོགས། །ཞི་ཞིང་བདེ་ལེགས་རྒྱས་གྱུར་ཅིག །འདི་ཡི་ཆེད་དུ་ལུས་དང་ངག །ཡིད་ཀྱིས་མཐུན་པའི་རྐྱེན་རྣམས་ནི། །ཅུང་ཟད་ཙམ་རེ་བྱས་པ་རྣམས། །ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག །དེ་ལྟར་ངོ་མཚར་ཡོན་ཏན་ཀུན་གྱི་གཞི། །དམ་ཆོས་རིན་ཆེན་འདི་ཡི་བྱིན་རླབས་ཀྱིས། །ཚེ་རབས་འདིར་ཡང་བར་ཆད་ཀུན་ཞི་ནས། །སྨོན་ལམ་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །རྫོགས་སོ། །ཚིགས་སུ་བཅད་པ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཞེངས་པའི་ཚེ་བཀྲ་ཤིས་པའི་ཡན་ལག་ཏུ་ནན་ཆེར་གསོལ་བ་བཏབ་པས། །བླ་མ་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn