སྣེའུ་གཞིས་ཀར་ཤེར་ཕྱིན་སྟོང་ཕྲག་བྱས་བརྒྱ་པ་སོགས་བཞེངས་སྐབས་ཀྱི་པར་བྱང་སྨོན་ཚིག།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-16 13:39:32     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     82640897752672470.jpg

   རྒྱལ་བ་དཔག་མེད་རྣམས་ཀྱི་ཚངས་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་འཁོར་ལོ་བསྐོར་བའི་ཁུར། །གང་གིས་བཟུང་བའི་རི་ཡི་དབང་པོ་ནི། །དཔལ་ལྡན་བྱ་རྒོད་ཕུང་པོ་ཞེས་སུ་གྲགས། །རྨད་བྱུང་ས་འཛིན་མཆོག་དེར་མངོན་གཤེགས་ནས། །ཕྱོགས་བཅུའི་ཞིང་དུ་འོད་ཀྱིས་རབ་འགེངས་ཤིང་། །ས་ཆེན་རྣམ་པ་དྲུག་ཏུ་གཡོ་མཛད་པའི། །ཤཱཀྱ་སེང་གེའི་ཞབས་ལ་མགོས་ཕྱག་འཚལ། །དེར་ནི་ཐུབ་པའི་དཔལ་གྱི་མགུར་ནས་ནི། །ཕུན་ཚོགས་འཁོར་ལ་ལེགས་པར་བཀའ་སྩལ་པ། །ལེགས་བཤད་ཀུན་གྱི་རབ་དང་ཕུལ་ཉིད་ནི། །ལེགས་བཤད་ཟླ་མེད་ཤེས་རབ་ཕ་རོལ་ཕྱིན། །དེ་ནི་ལྷ་མིའི་འདྲེན་པས་ལན་གསུམ་དུ། །རྒྱལ་བས་གསུངས་པའི་ཆོས་མཛོད་ཀུན་འཛིན་པ། །ཆོས་འཛིན་ཀུན་དགའ་བོ་ལ་གཏོད་པ་ན། །ང་ཡིས་བཤད་པའི་ཆོས་ཀྱི་རྣམ་གྲངས་གཞན། །མ་ལུས་བོར་ཏམ་ཆུད་གཟོན་གྱུར་ཀྱང་བླའི། །རྒྱལ་བའི་ཡུམ་འདི་ཅུང་ཟད་ཆུད་གཟན་ན། །དེ་ཚེ་ཁྱོད་ལ་སྐྱོན་དུ་བཟུང་ངོ་ཞེས། །ནན་ཏན་ཆེན་པོས་བཀའ་སྩལ་མཛད་པ་དང་། །མདོ་སྡེ་མཆོག་འདི་གང་དུ་བཞུགས་པའི་ཡུལ། །དེར་ནི་རྒྱལ་བའི་དབང་པོ་བཞུགས་སོ་ཞེས། །སྟོན་པ་ཉིད་དང་ཁྱད་པར་མ་མཆིས་པར། །ཉིད་ཀྱི་ཞལ་ནས་རྣམ་པ་དུ་མར་བསྔགས། །འདི་བྲིས་པ་དང་ཀློག་དང་མཆོད་ལ་སོགས། །གསུང་རབ་གཞན་ལས་ཆེས་ཆེར་ཁྱད་ཞུགས་པར། །ཡང་དང་ཡང་དུ་གཏན་ཚིགས་དང་བཅས་ཏེ། །གསུངས་ཕྱིར་འདི་ལ་འཇུག་རྣམས་སྐལ་བ་བཟང་། །ཚུལ་འདི་གཟིགས་ནས་མཁས་པ་དུ་མ་ཡིས། །འབད་པ་ཆེན་པོས་ཡང་ཡང་བསྔགས་མཛད་པས། །དད་ལྡན་རྣམས་ལ་བཟང་པོའི་སྲོལ་བཏོད་པ། །ད་དུང་བར་དུ་ཉམས་པར་མ་གྱུར་ཏེ། །དེ་ཕྱིར་མངོན་མཐོའི་དཔལ་གྱིས་རབ་ཏུ་མཛེས། །སྐྱབས་གསུམ་བླ་མ་གཙུག་གི་རྒྱན་དུ་འཛིན། །རང་སྲིད་ཚུལ་བཞིན་སྐྱོང་བའི་ཁུར་ཁྱེར་བ། །བསྟན་པའི་སྦྱིན་བདག་ནམ་མཁའ་བཟང་པོ་དང་། །བསྟན་ལ་གུས་ཤིང་གཏོང་ལ་རབ་ཏུ་དགའ། །མི་དབང་ཆེན་པོའི་ལྕམ་མོ་རིན་ཅེན་སྒྲོན། །གཞོན་ཡང་རྒན་པོའི་བློ་གྲོས་ཅན་གྱུར་པ། །གྲགས་པ་དབང་ཕྱུག་ཡབ་ཡུམ་སྲས་གསུམ་ནི། །དགེ་ལེགས་འབུམ་ཕྲག་དུ་མའི་གཞིར་གྱུར་པ། །ལམ་བཟང་འདི་ལ་ཤིན་ཏུ་མོས་གྱུར་ཏེ། །སྟོང་ཕྲག་བརྒྱ་པ་ལ་སོགས་ཤེར་ཕྱིན་དང་། །ཏིང་འཛིན་རྒྱལ་པོ་དམ་ཆོས་པདྨ་དཀར། །རྒྱ་ཆེ་རོལ་བ་གཟུངས་མཆོག་གྲས་ལྔ་དང་། །ཡངས་པའི་གྲོང་འཇུག་བསྐལ་པ་བཟང་པོ་སྟེ། །མདོ་སྡེའི་རྣམ་གྲངས་ཉི་ཤུ་རྩ་དགུ་ནི། །བཻཌཱུརྱ་ལྟར་དག་པའི་གླེགས་བམ་ལ། །རིན་ཆེན་ས་ལེ་སྦྲམ་གྱིས་ལེགས་བྲིས་པ། །མིག་ལ་བདུད་རྩིའི་དགའ་སྟོན་འགྱེད་པའི་མཆོག །ངོ་མཚར་གནས་སུ་གྱུར་པ་འདི་དག་བཞེངས། །དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི། །འཕྲལ་དང་ཡུན་གྱི་ཕན་དང་བདེ་བའི་གཞི། །རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཕྱིར་དུ་ཡིན། །མཁས་པར་སྦྱངས་པའི་ཡི་གེ་པ་རྣམས་ལ། །རྙེད་དང་བཀུར་སྟི་མཆོག་གིས་མཆོད་པ་དང་། །བཤེས་གཉེན་མཁས་པ་དག་གིས་གྲོགས་མཛད་པས། །གླེགས་བམ་འདི་རྣམས་གཞན་ལས་ཕུལ་དུ་བྱུང་། །སྙིགས་དུས་འགྲོ་བའི་བསོད་ནམས་ཞིང་གཅིག་པུ། །ཤཱཀྱའི་རྒྱལ་པོའི་ཕོ་བྲང་ལྷ་ས་ཡི། །ཉེ་འཁོར་གནས་སུ་གྱུར་པའི་ས་ཡི་ཆ། །ཕུན་ཚོགས་དཔལ་གྱི་དགེ་མཚན་རབ་འཛིན་པ། །བཀྲ་ཤིས་ཆུ་བོ་དལ་གྱིས་འབབ་པའི་ངོགས། །ཡིད་འཛིན་སྐྱེད་ཚལ་ཕྲེང་བས་བསྐོར་བ་ལ། །ས་ཡི་ཐིག་ལེར་གནས་པའི་གཞིས་ཀ་ནི། །སྣེའུ་ཞེས་བྱར་བདེ་བླག་ཉིད་དུ་གྲུབ། །བདེ་གཤེགས་ཀུན་གྱི་ལམ་གཅིག་པུ། །རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །རབ་ཟབ་བསྟན་པའི་སྙིང་པོ་མཆོག །གཞུང་བཟང་སྟོང་ཕྲག་བརྒྱ་པ་སོགས། །བསྒྲུབས་ལས་བསོད་ནམས་གང་ཐོབ་དེས། །རྐང་གཉིས་གཙོ་བོ་སངས་རྒྱས་སུ། །རིང་པོར་མི་ཐོགས་བདག་གྱུར་ཏེ། །འགྲོ་ཀུན་སངས་རྒྱས་སར་འདྲེན་ཤོག །དེ་སྲིད་དེ་མ་ཐོབ་པ་ཡི། །སྐྱེ་བ་གཞན་དང་གཞན་དག་ཏུ། །ཐེག་མཆོག་རིགས་སུ་སྐྱེ་བ་དང་། །བཤེས་གཉེན་དམ་པ་རྙེད་པར་ཤོག །དེ་ལས་ཤེས་རབ་ཕ་རོལ་ཕྱིན། །ལེགས་པར་ཐོས་ཤིང་སེམས་པ་དང་། །དེ་དོན་ཚུལ་བཞིན་སྒྲུབ་པ་ཡིས། །རྒྱལ་རྣམས་མཉེས་པར་བྱེད་པར་ཤོག །སེམས་ནི་ཉོན་མོངས་དབང་སོང་བས། །ལུས་དང་ངག་དང་ཡིད་ཀྱིས་ནི། །སྡིག་པ་གང་དག་བགྱིས་པ་རྣམས། །དེ་དག་ཐམས་ཅད་བྱང་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྣམ་པ་ཀུན་ཏུ་མི་འབྲལ་ཞིང་། །དེ་ཡིས་བསྟན་པའི་ལམ་བཟང་ལ། །རླབས་ཆེན་བརྩོན་འགྲུས་རྩོམ་པར་ཤོག །རིགས་མཐོ་གཟུགས་མཛེས་གཟི་བརྗིད་ཆེ། །ཚེ་མཐར་ཕྱིན་དང་ནད་མེད་དང་། །ཆོས་ལྡན་འབྱོར་བ་ཕུན་ཚོགས་ཤིང་། །ཤེས་རབ་རྒྱ་ཆེན་ཐོབ་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་དཔལ་འབར་ཞིང་། །དགེ་ལེགས་རྒྱུན་མི་འཆད་པ་དང་། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས། །རྟག་ཏུ་བརྩེ་བས་སྐྱོང་གྱུར་ཅིག །འདི་ཡི་ཆེད་དུ་ལུས་དང་ངག །ཡིད་ཀྱིས་མཐུན་པའི་རྐྱེན་རྣམས་ནི། །ཅུང་ཟད་ཙམ་རེ་བྱས་པ་རྣམས། །ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག །ཤིན་ཏུ་རྒྱས་པའི་མདོ་སྡེ་འདི། །གང་དང་གང་དུ་བཞུགས་གྱུར་པ། །དེ་དང་དེར་ནི་མི་མཐུན་ཕྱོགས། །ཞི་ཞིང་བདེ་ལེགས་རྒྱས་གྱུར་ཅིག །དེ་ལྟར་ངོ་མཚར་ཡོན་ཏན་ཀུན་གྱི་གཞི། །དམ་ཆོས་རིན་ཆེན་འདི་ཡི་བྱིན་རླབས་ཀྱིས། །ཚེ་རབས་འདིར་ཡང་བར་ཆད་ཀུན་ཞི་ནས། །སྨོན་ལམ་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ནི་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །
                                                  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
         དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།