རྒྱལ་བ་བྱམས་པའི་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-16 13:35:19     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      196632412593363597.jpg

          ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔག་ཡས་བསྐལ་པར་རྨད་བྱུང་སྤྱོད་པ་ཡིས། །མ་ལུས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བ། །ཕྱོགས་བཅུའི་ཞིང་ན་ཇི་སྙེད་བཞུགས་པ་ཡི། །ཐུབ་དབང་སྲས་དང་བཅས་རྣམས་དགོངས་སུ་གསོལ། །འདིར་ནི་རླབས་ཆེན་སྤྱོད་ལ་འཇུག་པའི་ཕྱིར། །རྒྱལ་སྲས་རྣམས་ཀྱི་ཐབས་ལ་འཇུག་པའི་སྒོ། །རབ་འབྱམས་ཚོགས་གཉིས་སྡུད་པའི་གཏེར་ཆེན་པོ། །དྲི་མེད་སྨོན་ལམ་ཕྲེང་བ་གདབ་པར་བགྱི། །གང་གང་གུས་པས་ཇི་ལྟར་གསོལ་བྱེད་པ། །དེ་དང་དེ་ཡི་འདོད་པ་བསྐང་ངོ་ཞེས། །ཉིན་མཚན་ཀུན་ཏུ་འགྲོ་ལ་གཟིགས་རྣམས་ཀྱིས། །བདག་གིས་སྨོན་པ་བདེ་བླག་འགྲུབ་པར་མཛོད། །བདག་གིས་ལེགས་པར་སྤྱད་པའི་ཚོགས། །བགྱིས་དང་བགྱིད་འགྱུར་ཅི་མཆིས་དང་། །གཞན་ཡང་དགེ་ཚོགས་གང་ཡིན་པ། །དེ་དག་གཅིག་ཏུ་བསྡོམས་པ་ཡིས། །འཇིག་རྟེན་རྣམ་པར་འདྲེན་པ་ཡི། །གོ་འཕང་དམ་པ་མངོན་བགྱིས་ནས། །སྡུག་བསྔལ་མཚོར་ལྷུང་ཉམ་ཐག་ཀུན། །སྲིད་ལས་མྱུར་དུ་སྒྲོལ་བར་ཤོག །གོ་འཕང་མཆོག་ལ་མ་རེག་པའི། །སྐྱེ་ཞིང་སྐྱེ་བར་རྒྱལ་བ་ཡི། །བསྟན་ལ་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་ཡོངས་སུ་དག་པར་ཤོག །དམ་པའི་མགོན་ལ་བརྟེན་ནས་ནི། །དེ་ཡི་རྗེས་སུ་བསྟན་པ་ལ། །ཐོས་དང་བསམ་དང་བསྒོམ་པ་ཡིས། །རྣམ་པ་ཀུན་ཏུ་སློབ་པར་ཤོག །ཟབ་པ་དང་ནི་རྒྱ་ཆེ་བའི། །ལེགས་བཤད་དཔག་མེད་ཐོས་པ་དང་། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་དང་། །དེ་དག་ཆུད་མི་ཟ་བའི་རྒྱུ། །མི་བརྗེད་པ་ཡི་གཟུངས་རྣམས་དང་། །གཏུགས་པ་མེད་པའི་སྤོབས་པ་དང་། །རྟག་ཏུ་སྦྱོར་བའི་བརྩོན་འགྲུས་དག །ཟླ་དང་བྲལ་བ་ཐོབ་པར་ཤོག །དེ་ཚེ་བཟང་པོའི་རྩོམ་པ་ལ། །བར་དུ་གཅོད་པ་མེད་པ་དང་། །རྗེས་སུ་མཐུན་པའི་རྐྱེན་རྣམས་ནི། །བདེ་བླག་ཉིད་དུ་འབྱོར་པར་ཤོག །རྒྱ་ཆེའི་ཞིང་ནི་སྦྱོང་བ་དང་། །རྒྱལ་བ་མཆོད་དང་སེམས་ཅན་ཁམས། །གྲངས་མེད་སྨིན་པར་བགྱིད་པ་ལ། །འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །ལུས་དང་ངག་དང་ཡིད་ཀྱིས་ནི། །སྤྱོད་པ་ཅི་དང་ཅི་སྤྱད་པ། །ཐམས་ཅད་མཐའ་ཡས་འགྲོ་བ་ལ། །ཕན་བདེ་དཔག་ཏུ་མེད་པར་ཤོག །རྣམ་པ་ཀུན་ཏུ་སྡིག་གྲོགས་དང་། །བདུད་ཀྱིས་བསླུ་བར་མི་ནུས་ཤིང་། །བཤེས་གཉེན་བཟང་པོའི་རྗེས་ཞུགས་ནས། །བྱང་ཆུབ་སྤྱོད་པ་རྫོགས་བྱེད་ཤོག །དབེན་པའི་ཡོན་ཏན་མཐོང་བ་ཡིས། །རྣམ་གཡེང་མ་ལུས་སྤོང་བ་དང་། །རྟག་ཏུ་བག་དང་ལྡན་པ་ཡིས། །སྒྲུབ་པ་སྙིང་པོར་བྱེད་པར་ཤོག །འཇིག་རྟེན་ཆོས་བརྒྱད་དག་ལ་ནི། །ཡིད་ནི་མཉམ་པ་ཉིད་ཐོབ་ཅིང་། །རྟག་ཏུ་ཟང་ཟིང་མེད་པ་ཡི། །ཆོས་ཀྱི་དགའ་བདེས་འཚོ་བར་ཤོག །ཐུབ་བསྟན་འཇིག་ཏུ་ཉེ་བའི་ཚེ། །བསྟན་པ་འབའ་ཞིག་འགྲོ་ཀུན་གྱི། །ཕན་བདེའི་རྩ་བར་མཐོང་ནས་ནི། །རྒྱལ་བའི་ཆོས་ཚུལ་འཛིན་གྱུར་ཅིག །ཡིད་ནི་སྙིང་རྗེའི་དབང་གྱུར་ཏེ། །ཇི་ལྟར་བགྱིས་ན་སེམས་ཅན་རྣམས། །རྣམ་པར་གྲོལ་བར་འགྱུར་སྙམ་པའི། །བསམ་པ་དེ་དང་འབྲལ་མ་གྱུར། །རྒྱལ་བའི་ཡོན་ཏན་ཇི་བཞིན་དུ། །ཤེས་པའི་དད་པ་རྙེད་གྱུར་ཏེ། །བཀའ་དྲིན་གཟོ་བས་དེ་དག་གི། །དགོངས་པ་ཡོངས་སུ་སྐོང་བར་ཤོག །ལུས་སེམས་སོ་སོར་འབྲལ་བ་ན། །གནད་གཅོད་སྡུག་བསྔལ་མེད་པ་དང་། །རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན། །འཁོར་དང་བཅས་པ་མཐོང་བར་ཤོག །དེ་ནས་དགའ་ལྡན་གནས་སུ་ནི། །སྐྱེས་མ་ཐག་ཏུ་འཁོར་དབུས་སུ། །མི་ཕམ་མགོན་ལ་བྱང་ཆུབ་ཏུ། །ལུང་བསྟན་བདག་གིས་ཐོབ་གྱུར་ཅིག །དེ་ཡི་མོད་ལ་ཡོན་ཏན་ཚོགས། །དཔག་མེད་མངོན་དུ་གྱུར་ནས་ནི། །གྲངས་མེད་ཞིང་དུ་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་རྫོགས་པར་ཤོག །རྒྱལ་བ་རྒྱལ་སྲས་རྒྱ་མཚོ་ཡི། །བདེན་པ་དང་ནི་བདག་ཅག་གི། །གཡོ་མེད་བསམ་པའི་སྟོབས་ཀྱིས་ནི། །སྨོན་པ་བདེ་བླག་འགྲུབ་གྱུར་ཅིག །ཚུལ་འདི་ནི་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་རྣམས་ཀྱི་གཙུག་རྒྱན་དམ་པར་གྱུར་པ་རྒྱལ་བའི་སྲས་པོ་བདེ་འབྱུང་ཞེས་མཚན་ཡོངས་སུ་གྲགས་པ་མཚན་གཞན་གྲགས་པ་རྒྱ་མཚོ་ཞེས་པའི་བཀའ་སྩལ་དང་དུ་བླངས་ཏེ། ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་དགའ་བ་གདོང་གི་ཡང་དགོན་དུ་སྦྱར་བའོ། །

                                                                                   རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།