ཤིས་ཚང་བླ་རི་མགུལ་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-03-01 18:06:40     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 115702751784585045.jpg

 ཤིས་ཚང་བླ་རི་མགུལ་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་ནི་ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུའི་རྫོང་མཁར་ནསཤར་ལྷོའི་ཕྱོགས་སུ་སྤྱི་ལེ་སུམ་ཅུའི་མཚམས་སུ་གནས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ཞིང་།   ཤིས་ཚང་འཚང་བ་བཅུ་གཉིས་ཞེས་པའི་སར་དགོན་པ་གཉིས་ཡོད་པ་ལས་འདི་དགོན་པ་རྙིང་པ་ཡིན་པས་ཤིས་ཚང་སྒར་རྙིང་དགོན་ཞེས་ཀྱང་འབོད།   ཐུགས་སྲས་གཞུང་བ་རབ་འབྱམས་པ་བསྟན་པ་དང་ཐང་དགེ་ལྷུན་གྲུབ་སོགས་ཀྱིས་ཞུས་པ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གིས་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་(༡༧༡༢)ལོར་ཕྱག་བཏབ་ནས་གཙང་གི་སྲེད་རྒྱུད་ལུགས་ཀྱི་ཕྱག་བཞེས་ལྟར་རྡུལ་ཚོན་ལ་བརྟེན་པའི་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་འདོན་རྟ་དབྱངས། ཐིག་རྡུལ་ཚོན། རྡུང་རོལ་མོ། དབྱར་དགག་དབྱེ་དུས་འབྲེལ་གྱི་གསོ་སྦྱོང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་རིམ་པར་ཚུགས་པ་ད་ལྟའི་བར་ཉམས་ལེན་གྱི་གཙོ་བོར་བཟུང་བའི་རྨང་གཞིའི་ཐོག་ལམ་རིམ་བློ་སྦྱངས་དང་།  རྒྱུད་སྡེ་སོ་སོའི་བསྐྱེད་རྫོགས།  སྒྲ་སྙན་ངགརྩིས་ས་རིས་སོགས་ཟླ་རེར་རྒྱུགས་ཐུང་གཉིས་དང་ལོ་རེར་རྒྱུགས་རིང་གཅིག་བཅས་པའི་སྲོལ་བྱུང་བ་ད་ལྟའི་བར་མ་ཉམས་པར་གནས་ཡོད་དོ། །

དགོན་པའི་ཁྲི་བ་བླ་བྲང་ནས་མངགས་པ་དང་ལས་སྣེ་གཞན་དག་དགོན་པ་རང་གིས་བསྐོ་བཞག་བྱེད།   ནང་རྟེན་ལ་རྒྱུད་གྲྭའི་འདུ་ཁང་དང་རྗེ་ལྷ་ཁང་།   མགོན་ཁང་།   གནས་ཆུང་བཙན་ཁང་།  ཀུན་མཁྱེན་གཟིམ་ཁང་སོགས་སུ་ས་གསུམ་ན་རྙེད་པར་དཀའ་རྗེ་བཀྲ་ཤིས་དོ་ཁ་མ་དང་། ཤིང་བཟང་ལས་གྲུབ་པའི་ཇོ་སྐུ་ཆེ་བ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་བརྙན་མི་ཚད་ཅན།  ཤིང་བཟང་ལས་གྲུབ་པའི་བྱམས་སྐུ།  ས་ཡི་སྙིང་བོ་དང་ནམ་མཁའི་སྙིང་བོ། འཕགས་པ་ཀུན་ཏུ་བཟང་བོ།  འཇམ་དབྱངས།  སོགས་དང་།རྩེ་ཞོལ་དཔར་གྱི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་ཀྱི་གསུང་འབུམ་དང་ཀུན་མཁྱེན་ཡབ་སྲས་ཀྱི་གསུམ་འབུམ་སོགས་གསུང་རབ་པོདསྟོང་ཕྲག་ཁ་ཤས།  རྣམ་རྒྱལ་མཆོད་རྟེན་དང་།གཙོས་གསེར་ཁྲིའི་སྐུ་གདུང་མཆོད་རྟེན་སོགས་བྱིན་རྟེན་མང་བོ་བཞུགས་པ་དང་གཞན་མཆོད་རྫས་ཡོ་བྱད་རྩ་ཆེན་མང་བོ་མཆིས་པ་མ་ཟད། ཁཱ་ཤཱི་ཚང་གི་ནང་ཆེན་དང་ཤིས་ཚང་ཞབས་དྲུང་གི་ནང་ཆེན་སོགས་ནང་ཆ་ཁ་ཤས་ཀྱང་མཆིས་པ་དང་རྒྱུན་བཞུགས་དགེ་འདུན་པ་བརྒྱད་ཅུ་ནས་དགུ་བཅུ་ཡས་མས་བཞུགས་ཡོད་དོ།   

         །(འདི་ནི་དགོན་པའི་ལོ་རྒྱུས་པད་དཀར་ཕྲེང་བ་ལས་བཤུས)

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།