སྐྱོ་བའི་མགུར་དབྱངས་ཚིགས་བཅད་དུ་བསྡེབས་པ་རང་ལ་དགའ་བའི་གཏམ་སྙན་གླེང་བའི་ཡིད་མཐུན་སྙིང་གི་མཛའ་གྲོགས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-28 17:11:32     རྩོམ་པ་པོ།   ཨ་རོལ་སྤྲུལ་མིང་བ།    ཀློག་ཐེངས།  

1383218542337p18873v1gc1pi8ase1fkr1j1u112h8.jpg

༄༅།།གནས་ཕྲ་རགས་འཁོར་བའི་རྒྱ་མཚོ་ལ།།ཡོངས་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན།།ཕ་བླ་མ་སྙིང་དབུས་གུར་ཁང་བཞུགས།།བློ་ཆོས་ལ་གཞོལ་བར་བྱིན་གྱིས་རློབས།།དུས་སྙིགས་མ་ལས་ཀྱང་ཡང་སྙིགས་འདིར།།མི་ཀུན་གྱི་བསོད་ནམས་སྟོབས་དམན་པས།།ཁོང་བསྟན་འཛིན་སྐྱེས་ཆེན་དམ་པ་མང་།།ཞིང་གཞན་དུ་གཤེགས་པའི་དགོངས་པ་མཛད།།དེའི་དབང་གིས་རྒྱལ་བའི་བསྟན་པ་ཡང་།།སྣུམ་ཟད་པའི་མར་མེ་བཞིན་དུ་གྱུར།།སྐབས་འདི་འདྲར་རང་རེའི་འདྲེན་པ་མཆོག།སྐྱབས་ཀུན་འདུས་ངོ་བོ་མཚུངས་མེད་རྗེ།།བསྟན་འགྲོ་ལ་ཕན་པའི་ཐུགས་བསྐྱེད་སྟོབས།།ཆ་ཡོངས་རྫོགས་རྒྱུ་སྐར་བདག་པོ་བཞིན།།འདི་བསམ་བཞིན་དགའ་དད་རྩེ་གཅིག་པས།།བཀའ་བསྒྲུབ་ཕྱིར་སློབ་གཉེར་ཚུལ་མཐུན་མཛོད།།ཆོས་ཐོས་པས་གཏི་མུག་མུན་པ་སེལ།།འདི་སྒྲོན་མེ་ཕལ་གྱི་དཔེ་ཟླ་མིན།།ཕ་བླ་མ་མཉེས་པའི་མཆོད་པའི་སྤྲིན།།འདི་ཚོགས་བསགས་གཞན་དང་ཁྱད་པར་ཆེ།།ཚེ་འདི་དང་ཕྱི་མར་དགོས་འདོད་གཏེར།།འདི་རྐུན་པོས་མི་འཕྲོག་ནོར་གྱི་མཆོག།རང་འབྱོར་རམ་རྒུད་ཀྱང་མཐུན་པར་འགྲོགས།།འདི་སྙིགས་མའི་གྲོགས་དང་ཇི་ལྟར་མཚུངས།།དགོན་གྲྭ་ས་མཛེས་པའི་རྒྱན་ཕྲེང་ཆེ།།འདི་ཕལ་བའི་རྒྱན་ལས་ཁྱད་པར་འཕགས།།མི་བླུན་པོ་མཁས་པར་སྦྱོར་བའི་ཐབས།།འདི་ཐབས་མཁས་འཕྲུལ་འདེགས་བླ་ན་མེད།།དོན་དེ་ཕྱིར་ཐོས་པའི་ཕན་ཡོན་ནི།།དཔེ་ནམ་མཁས་མཚོན་པར་མི་ནུས་སོ།།ནང་ཡོན་ཏན་མེད་པའི་མི་དག་ལ།།ནོར་ཅི་ཙམ་འབྱོར་ཡང་དགོས་པ་ཆུང་།།ཆོས་ཐོས་བསམ་སྒོམ་པའི་ནོར་ཡོད་ན།།ནོར་ཕལ་བ་མེད་ཀྱང་ཕྱུག་པོའི་མཆོག།ཆོས་ལུང་དང་རྟོགས་པའི་བསྟན་པ་ནི།།དོན་བཤད་དང་སྒྲུབ་པས་འཛིན་དགོས་ཤིང་།།ཕ་འཇམ་མགོན་བླ་མའི་ལུགས་བཟང་ཡང་།།འདོད་ཡོན་གྱིས་འཇིག་པར་གསུངས་པའི་ཕྱིར།།ཁོང་རྗེས་འཇུག་རྣམས་ཚོ་ཟང་ཟིང་ལ།།རྩིས་ཆེ་ཆེར་མཛད་འདི་ཐན་ལྟས་ལགས།།མགོན་ཐུབ་པའི་དབང་བོའི་བསྟན་པ་ལ།།གོས་ངུར་སྨྲིག་སོར་བཞི་འཆང་བ་ཡང་།།ཟས་བཟའ་བཏུང་བསམ་བཞིན་མ་ཐོབ་ན།།ཁོང་རྫོགས་སངས་རྒྱས་སུ་མི་འགྱུར་གསུངས།།ཡུལ་མུ་གེ་ཉམ་ང་བྱུང་བའི་དུས།།ཟས་ཅུང་ཟད་ལ་ཡང་ངོ་ཐང་ཆེ།།དཔེ་དེ་བཞིན་བསྟན་པའི་སྙིགས་མ་འདིར།།ཁྲིམས་སྣ་གཅིག་སྲུང་བ་བསོད་ནམས་ཆེ།།རྟེན་དལ་འབྱོར་དོན་ཆེ་རྙེད་པ་ཡང་།།དོན་མེད་ཀྱི་ལས་ལ་བཀོལ་བས་ཟད།།རྐྱེན་འཆི་བ་ཞེས་བྱའི་སྐད་པོ་ཆེ།།ཐག་མི་རིང་རང་གི་རྩ་ན་འདུག།སྒོས་འཁོར་བ་འདི་ཡི་ཕུན་ཚོགས་ལ།།བློ་མཁས་པ་སུ་ཞིག་ཡིད་རྟོན་བྱེད།།གླིང་བཞི་ལ་དབང་བའི་འཁོར་བསྒྱུར་ཡང་།།མི་སྤྲང་བོའི་གྲལ་དུ་ལྟུང་བ་དང་།།སེམས་མཛའ་མཐུན་ཕ་མ་ལྟ་བུའི་གྲོགས།།དུས་རེས་འགའ་དགྲ་ཡི་དྭངས་མར་འགྱུར།།སྟོབས་འཕྲུལ་འཁོར་ལྡན་པའི་དམག་དཔོན་ཡང་།།མཐར་རང་ཡུལ་སྤངས་ནས་འབྲོས་ལ་ལྟོས།།ཐོག་ཡང་བརྩེགས་རིན་ཆེན་ཁང་བཟང་དང་།།རི་ལུང་བ་གང་བའི་གནག་ཕྱུགས་ཚོགས།།གོས་དར་ཟབ་གསེར་དངུལ་བང་མཛོད་ཀྱང་།།དུས་སྐད་ཅིག་ཐལ་བར་བརླག་ལ་ལྟོས།།དགོན་གྲྭ་ས་འདི་ལ་མཚོན་ན་ཡང་།།རང་གྲྭ་ཐོག་མཉམ་པ་ཕལ་ཆེར་ནི།།རྐྱེན་མི་རྟག་འཆི་བདག་བདུད་ཀྱིས་ཁྱེར།།གྲོགས་འགའ་ཞིག་ཡུལ་ཐག་རིང་བོར་འཁྱམས།ལུང་རིག་པ་སྨྲ་བའི་བཤེས་གཉེན་མང་།།དུས་ད་ལྟ་དྲན་པའི་ཡུལ་དུ་གྱུར།།ཁོང་འདིར་བཞུགས་རྣམས་ཀྱང་ཐོས་བསམ་ལ།།སེམས་ཧུར་ཐག་བརྩོན་པ་ཉིན་སྐར་ཙམ།།ཡུལ་མིག་ལྟོས་ངན་པའི་ལད་མོ་ལ།།སློབ་མི་དགོས་རྟོགས་པ་ངང་གིས་འབྱུང་།།དོན་མེད་པའི་བྱ་བཞག་མི་ཟད་པའི།།སྡུག་བསམ་བཞིན་རང་གི་ཕྲག་པར་ལེན།།ཁྱིམ་གནས་ཀྱི་བྱང་སེམས་དག་ལས་ཀྱང་།།རྟེན་ཁྱད་པར་འཕགས་པ་ཐོབ་བཞིན་དུ།།ཆོས་དོར་ནས་འཇིག་རྟེན་སྒྲུབ་པ་ནི།།དཔེ་གསེར་གྱི་ཕུབ་མ་ཉོས་དང་མཚུངས།།སྡུག་བསྔལ་གྱི་རྩ་བར་གྱུར་བ་དང་།།སྡུག་ཕྱི་མ་འདྲེན་ཞིང་དྲག་ཏུ་སྐྱེད།།སྡུག་བརྒྱུད་མར་འབྱུང་ཕྱིར་སྲིད་པ་འདི།།ལུང་རྣམས་ལས་ནད་དང་འབྲས་ཉིད་དང་།།ཟུག་རྔུ་དང་སྡིག་པ་ལྟ་བུར་གསུངས།།འདི་བསམ་པར་རིགས་སམ་ཤེས་ལྡན་དག།ལར་ད་ལྟ་ཀླ་ཀློའི་སྔ་ལྟས་སུ།།མཐའི་དམག་གི་དཔུང་ཚོགས་ཆེས་དར་བས།།གསོད་འཕྲོག་གི་ངན་སྦྱོར་སྣ་ཚོགས་ཀྱིས།།ཡུལ་ཀུན་གྱི་བདེ་སྐྱིད་དབང་མེད་བཅོམ།།ཡོངས་རྒྱལ་ཁམས་འཁྲུགས་ནས་གཡོ་བྱེད་ཅིང་།།ཆོས་ཚུལ་བཞིན་སྒྲུབ་རྣམས་རང་མགོ་ཐོན།།སའི་ཁྱོན་ཀུན་ཁ་བས་གཡོགས་ན་ཡང་།།བྱ་ཅོ་ཀས་རང་ཤོང་རྙེད་པར་གསུངས།།བསམ་ཤེས་ན་སྣང་ཚུལ་འདི་དག་ནི།།སྡུག་ཀུན་འབྱུང་འཁོར་བའི་ཉེས་དམིགས་དང་།།ལས་དཀར་ནག་འབྲས་བུར་ངེས་པ་དང་།།ཆོས་མི་རྟག་སྟོན་པ་ཤ་སྟག་གོ།ད་ཧ་ཅང་བཤད་པ་ཐལ་ཆེ་བས།།སྤྲང་དབྱུག་འདི་ཚུར་ལ་མི་འཁོར་རམ།།ཚིག་བཤད་བཤད་མང་ཡང་ནེ་ཙོའི་གཏམ།།དོན་ཉམས་སུ་་ལོངས་དང་རང་ལ་ཕན།།འདིར་འབད་པའི་རྣམ་དཀར་ཟླ་ཟེར་གྱིས།།མགོན་རྒྱལ་བསྟན་བསམ་འཕེལ་ནོར་བུའི་འོད།།ཕྱོགས་ཀུན་ཏུ་འབར་བའི་རྩེད་དགའ་ཡིས།།མ་འགྲོ་ཀུན་ཕན་བདེ་སྐྱོང་གྱུར་ཅིག།

ཅེས་རྣམ་སྨིན་ནོག་པའི་བདག་འབྲས་ལ་སྐྱོ་བའི་མགུར་དབྱངས་འདི།   སྤང་བྱའི་མེས་དབོན་རྣམ་གསུམ་གྱི་མངའ་འབངས་སུ་རིང་ནས་འཁོད་པ།  ༧ ཨ་རོལ་སྤྲུལ་མིང་བས་རྣམ་རྟོག་སྣང་བ་དགུ་འགྱུར་གྱི་རང་མདངས་ཡི་གེར་ཤར་བ་ཛ་ཡནྟུ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།