རྗེ་བཙུན་བླ་མ་མཁས་གྲུབ་ཆེན་པོ་ལ་རབ་བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་ཆེད་དུབརྗོད་པ་སྤྲིན་གྱི་ཕྲེང་བ་རྣམ་པར་རོལ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-19 17:27:24     རྩོམ་པ་པོ།   ཞང་ཞུང་ཆོས་དབང་གྲགས་པ།    ཀློག་ཐེངས།  

b7v883ju56dqqqbul33f1j1t6h0g2gjb_450x450.jpg

བཅོམ་ལྡན་འདས་ངག་གི་དབང་བོ་ལ་ཕྱག་འཚལ་ལོ།།དཔལ་ལྡན་ལྗགས་ཀྱི་ལི་ཁྲིའི་རྡུལ་ལས་ལང་ཚོ་ཐོབ་པའི་མཁས་མང་ལུས་ཅན་མཁའ་ཡི་གོས་བཟང་ཀུན་གསལ་གདོང་ལ་སྨུག་་རྩིའི་ཆུ་རིས་བྱེ་བ་བརྒྱ་འགོད་ཀུན་ཕན་ཁུར་གྱིས་རྣམ་པར་ངལ་བའི་སྙིང་རྗེའི་སྒྲ་དབྱངས་གསང་མཐོར་སྒྲོགས་པའི་སྲིད་པའི་རྩེ་མོའི་རོལ་མོའི་དཔལ་བགྱིད་ཆོས་སྡོམ་རྣམ་བཞིའི་དབྱངས་ཀྱི་ང་རོ་གད་མོ་ཆེར་སྒྲོགས་ལུས་ཅན་ཀུན་གྱི་འོན་པའི་གོ་སྐབས་སྲིད་པའི་བློ་དང་ལྷན་ཅིག་འཕྲོག་བྱེད་རྒྱལ་བ་མཐའ་དག་དྲུག་ཅུའི.གསུང་སྙན་གཅིག་ཏུ་གྱུར་གང་གླུ་སྙན་འདི་ལ་རོ་གཅིག་ཞུགས་པ་སྲིད་པའི་མཐའ་མར་རྒྱུན་ཆགས་མེད་འདིས་རྣམ་པར་འབྲེལ་བའི་ཚིག་མདའི་བུ་རྣམས་འདོད་དོན་གར་གྱི་རོལ་རྩེད་བརྗོད་བྱེད་ཨེམ་འདི་ལ་སུ་ཡིས་འགོངས།།

 ཞབས་མཐིལ་རྩིབས་སྟོང་འཁོར་ལོའི་བེར་གྱིས་སྐལ་བཟང་འབྱུང་བོའི་ཡུམ་གྱི་ལྟོ་བར་དགེ་མཚན་རི་མོ་གསར་དུ་འཕོ་བྱེད་་ཁྱབ་འཇུག་ལག་པའི་ཕུན་ཚོགས་དཔལ་ནི་རྒྱ་མཚོའི་གོས་བཟང་ལྡན་བྱེད་ས་སྟེང་བགྲོད་རྣམས་མཐའ་དག་འཁོར་ལོའི་བདག.པོར་བྱེད་མཁས་མ་རུང་རྩོད་པའི་དུས་ལ་སྡང་བ་རྫོགས་ལྡན་བེཟླུབྱ་དཀར་བོའི་ཆུ་ཁུར་བ་འདི་འདོད་དགུའི་ཆུ་ཡི་ཁོངས་བྱེད་རེ་བ་ཚིམ་འདོད་འདྲེན་བྱེད་ཡིད་འོང་ཁྱོན་དུ་ཕྱོགས་པའི་འདབ་བརྒྱའི་འདབ་མའི་རྩེ་གཅིག་འབྲུ་ཚུགས་ངེས་པར་འཛིན་བྱེད.རྒོས་བྲལ་སྙིང་རྗེ་པད་མའི་གེ་སར་རྩེ་ལ་དང་བ་རྒྱས་པའི་མིག་ཆུའི་ཟིལ་བ་རྣམ་པར་ཐོར་བའི་ཟེགས་མ་སྟོང་སྤྲོ་ཁྱོད་ལ་མཆོད་ཡོན་སྦྱིན་པའི་དགའ་བས་འགྲོ་འདི་བདེ།།

མཆོད་སྦྱིན་བརྒྱ་བའི་མགོ་སྐྱེས་ཕྲེང་བ་ཏེ་ལ་ཀ་ཡི་སྐྲ་ཚོགས་རབ་རྒྱས་ལན་བུ་དོག་པ་དོ་ཀེར་དང་བྲལ་ཞབས་ཟུང་འདབ་གཤོག་སོར་གྱི་སྒྲོ་ལྡན་རྣམ་པར་རོལ་བའི་རྐང་སྟེགས་མཆོག་གང་བདེ་སོགས་བདག་པོའི་ཕྱག་གི་ཆུ་སྐྱེས་ཁྱོད་ཡོན་སྙིང་སྟོབས་དྲི་ལེན་གྱིས་འདར་རིན་ཆེན་རྒྱན་གྱི་དཔྱིད་ཀྱིས་ངལ་བའི་ཟོལ་གྱིས.འདེགས་ཤིང་གཡོ་བའི་རྫུ་ལ་རྣམ་པར་བརྟེན་བྱས་ཞབས་སེན་ཟླ་བ་གསར་བའི་འོད་ཀྱི་ལག་སོར་འདབ་མ་ཀུན་དུ་ཟུམ་པས་ནུས་ལྡན་སྤྱི་བོར་ཐོར་ཅོག་བགྱིད་འདྲ་མགོ་འཛིན་དམའ་བའི་མཆུ་་སྒྲོས་འདབ་མ་ཟུར་མིག་དང་འགྲོགས་སྙན་གོང་ཨུཧྥལ་གདེངས་ཀའི་རྒྱན་ལ་མཆོད་པའི་དོན་སླད་བསྐུལ་བ་ལྷུར་ལེན་གཙང་མ་་རིགས་ཀྱི་ལྷ་ལ་ཡང་།།

དགེ་ལེགས་མཁྱེན་རབ་ཆུ་ཡི་གཏེར་ཆེན་བདུད་དང་མུ་སྟེགས་་ཕས་ཀྱི་རྒོལ་བའི་ཀ་ལན་རྙ་ཀ་འདབ་གཤོག་ཟུང་འདར་ལྟ་བ་ཉམས་བྱེད་དྲི་མེད་རིས་ཚུལ་རྦ་རླབས་ཕྲེང་བ་ནམ་མཁར་འཕྱོ་་ཞིང་དཔལ་ལྡན་སྐལ་བཟང་ཙ་ཏ་ཀ་ཡི་བུ་མོའི་ཚོགས་ལ་སིམ་པ་ཉེར་སྟེར་རྣམ་དག་ལྷག་བསམ་དབུ་བའི་དྲ་བས་རྒྱ་ཆེར་གཡོག་་པས་ཕྱོགས་ཀྱི་གདོང་བ་ཀོ་རུའི་མདོག་གིས་ལྷམ་མེར་མཛེས་་བགྱིད་ཆ་ཤས་བདག་པོའི་བཞིན་བཟང་ལ་ནི་སུ་ཡང་ནམ་དུའང་གུས་པ་དམན་གྱུར་མདོ་དང་རྒྱུད་སྡེའི་ཟབ་དོན་སྟོང་གི་ཀོ་རུ་དང་མར་གད་འབར་བས་ཁྱོད་ཞབས་གྲུ་གཟུངས་( གཟིངས་)བསྟེན་པ་རྣམས་ལ་ནམ་ཡང་རྒུད་པའི་གོ་སྐབས་འཕྲོག་མཛད་དེ་ལ་ཕྱག་འཚལ་གྲོལ་བར་བྱེད།།

 སྐྱེས་དང་སྐྱེ་བར་བླ་མའི་ཞབས་པད་ལ།།

 གུས་ཤིང་ལང་ཚོ་མང་དུ་ཐོས་པས་བརྒྱན།།

 སྤོབས་པའི་གཞུ་ལས་མངོན་སྦྱོར་ཉག་ཕྲན་ཚོགས།།

 འཕེན་མཁས་སྙན་དངགས་དབང་བོར་བདག་གྱུར་ཅིག།

 ཅེས་བྱ་བ་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་བློ་གྲོས་ཀྱི་སྣང་བ་ཉེ་བར་ཐོབ་པ་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཉེ་བར་སྦྱར་པའོ།།

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།