སྐུ་ཞབས་རྫོང་དཀར་བ་དབྱངས་ཅན་གྲུབ་པའི་གཞོན་ནུ་རི་བོ་རྩེ་ལྔར་བཞུགས་པ་ལ་ཕུལ་བ་གསེར་གྱི་ཞུན་མ་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-30 23:20:22     རྩོམ་པ་པོ།   སྒེའུ་སྟེང་བློ་བཟང་དཔལ་ལྡན།    ཀློག་ཐེངས།  

རང་བྱུང་ཡེ་ཤེས་མེ་ཏོག་ཚལ་རྣམས་ཨུཏྤལ་གར་གྱི་རི་མོར་འགྱུ།།
འོད་ལྡན་ལྷ་ཡི་འཇིག་རྟེན་མཛེས་བྱེད་ཆུ་ཡི་འོད་ཟེར་རྩེ་དགས་འཁྱུད།།
 དཔལ་ལྡན་ལེགས་གསུང་དར་དིར་སྒྲ་ཡིས་སྔོ་སངས་ཁང་བའི་བཅུད་ལེན་པ།།
སྨྲ་བའི་རྒྱལ་བོའི་དགེ་ལེགས་ཕ་མཐའ་རྣམ་པ་བྲལ་འདིས་ཁྱོད་ལ་སྲུངས།།
མཁྱེན་རབ་དུས་ཀྱི་འབར་བའི་སྐྲ་ཅན་བརྒྱས།།
ཤེས་བྱ་འོད་ཀྱི་ནོར་ཅན་ཁྲག་ཁྲིག་སྡེ།།
སྲིན་བུའི་འཕོངས་མེའི་གོ་སར་རབ་འགོད་པའི།།
གྲགས་པ་ཕྱོགས་མཐར་འཐུལ་བའི་ཞབས་སྟེགས་སུ།།
ཁྱོད་ཡོན་གང་བོ་འབོད་ཀྱི་མནྡཱ་རས།།
 ཀུན་གཞི་འཆིང་ལས་རྒྱལ་བའི་དྲེགས་འོད་འདིས།།
མགྱོགས་འགྲོ་བདུན་ལྡན་ཁེངས་པའི་རྩེ་མོ་བརྒྱ།།
ངེས་པར་ཕམ་མཛད་དེ་ཡིས་ཚུལ་འདི་གླེང་།།
འཛམ་བུའི་གེ་སར་འདར་ལྡན་འོད་ཟེར་གྱི།།
རྩེ་མོ་མངོན་མཐོ་ནོར་བུའི་མེ་ལོང་གིས།།
ཕྱོགས་ཀུན་དག་པའི་ཞིང་མང་སྐྱེངས་པའི་སྒྲ།།
རྣམ་པར་རྒྱལ་བའི་འཇིག་རྟེན་ས་ལ་སྣང་།།
ཁོར་ཡུག་མུ་ཁྱུད་དཀར་པོ་སྡུག་གུ་མས།།
ཡོངས་སུ་བཟུང་བ་མྱ་ངན་མེད་པའི་ཚལ།།
ལུགས་གཉིས་ཟླ་བའི་རྔ་ཡབ་འཕུར་ལྡིང་གིས།།
གཅིག་ཏུ་དཀར་བའི་བཀྲ་ལྡན་འདི་རྨད་བྱུང་།།
འདི་ཡི་ལྟེ་བར་ཞབས་སེན་མུ་ཏིག་གི།
དོག་པ་བྱིན་དུ་སྟེར་བ་བརྒྱ་སྟོང་གིས།།
དགེ་ལེགས་ཐུབ་ཚུལ་ཆོས་ཀྱི་རྔ་ཆེན་པོ།།
གཏན་དུ་རྒོད་པའི་རྩེ་དགའ་ཡོངས་མ་དོར།།
ཁྱད་པར་བློ་ཆེན་མཁའ་ཡི་ཕ་མཐའ་གང་།།
བཟང་བའི་གྲགས་ལྡན་གྲངས་མང་རྒྱལ་བས་ཀྱང་།།
རྙེད་པ་མིན་དེས་ས་གསུམ་དབུལ་བའི་ཚོགས།།
མཐར་བྱེད་བཻཌཱུར་དཀར་པོའི་དོ་ཤལ་བྱིན།།
དེ་ཡི་བསྟན་ལ་མཛད་བཟངས་ཀྱི།།
མེ་ཏོག་རབ་མཐོན་དམ་པའི་དཔྱིད།།
འཇིགས་མེད་ཟུར་ཕུད་ལྔ་པ་ཅན།།
སྦྲང་འཛིན་དཔལ་ལ་སྲིད་མིག་བཞིན།།
གང་སྲས་བགྲང་ཡས་ཡོན་ཏན་གྱི།།
གཞུ་མཆོག་ལས་ནི་གྲགས་པའི་མདའ།།
ཕྱོགས་ཀྱི་རྣ་བའི་ཨུཏྤལ་རྒྱན།།
འགོངས་པར་བྱེད་པའི་ཚལ་ཡངས་སུ།།
ལོ་བརྒྱར་སྐམ་པའི་རྐང་འཐུང་ཡང་།།
དགའ་བའི་འདབ་བཟང་འཛུམ་ལྡན་པ།།
ལྷན་སྐྱེས་ཡོད་ཏན་ལང་ཚོའི་ཚོགས།།
ཀུན་རྫོགས་ཁྱོད་གཞན་གཉིས་པས་བཏང་།།
བདེ་གཤེགས་ཚོམ་བུའི་ཟླ་བ་གང་།།
ཁྱོད་གཙུག་ལ་ནི་ཕྱོགས་ལྷུང་བས།།
རྒྱལ་བའི་མྱུ་གུའི་བདེ་འབྱུང་ཀུན།།
མིག་སེར་མགྲིན་པ་ཡོན་པོར་འཛིན།།
ཐུགས་རྗེ་འོད་འབར་ནོར་བུའི་ཕྲེང་།།
མགུལ་བའི་དོ་ཤལ་ལྷན་སྐྱེས་བཞིན།།
དེ་ཕྱིར་མགྲིན་པའི་དྲིལ་ཆེན་དབྱངས།།
ལེགས་བཤད་ཆུ་བོའི་རྒྱུན་མ་རལ།།
ཁ་བ་རི་བོའི་བློ་གྲོས་གསལ་ལྡན་པ།།
འདི་དག་རྣམ་དཀར་ལག་པས་མ་ཟིན་པའི།།
སྐལ་བཟང་ཕྱག་སོར་རྩེ་མོའི་མཛའ་ལྡན་པ།།
འདི་ཡིས་མཐའ་དག་ཡིད་ཀྱི་བརྟན་པ་གཞིལ།།
ལྔ་རིག་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ།།
རྣམ་དཔྱོད་འོད་བརྒྱའི་དྲ་བ་གཅིག་ཉིད་ཀྱིས།།
རབ་འགེངས་གྲགས་པའི་བ་དན་གཞོན་ནུ་ནས།།
ཁྱོད་གཞན་འཇིག་རྟེན་འདི་ལ་ཕོངས་པས་གནོང་།།
སྒྲ་ཚད་རིག་ཚུལ་ཞགས་པས་འཇིག་རྟེན་གྱི།།
ཀུན་རིག་མཁས་རྒུའི་སྟག་ཆུང་གཞོན་ནུའི་ཁྱུ།།
སྨྲ་བྲལ་ལྐུགས་པ་རྩིག་ངོས་རི་མོའི་རྒྱར།།
མ་ལུས་བཟུང་བ་དུས་ཀྱི་རྒྱན་དུ་སོན།།
ཁྱོད་ལས་རིག་བྱེད་མེས་པོ་ངག་རལ་བས།།
གསེར་ལྡན་གཟུགས་འཛིན་ཟུར་ཕུད་ནོར་བུའི་ངོས།།
ཞབས་སེན་གློག་འོད་འཐུལ་བའི་ཕང་བ་ལ།།
ལྷུང་བས་ལུས་སྐྱེས་རྔུལ་ཆུས་འགེངས་ལ་བརྩོན།།
ལྗགས་བཟང་ལེགས་བཤད་གོས་དམར་ག་ཤལ་ཅན།།
ངེས་པར་དབྱངས་ལྡན་འཆི་མེད་ལང་ཚོའི་གཙོ།།
ཁྱོད་ཞལ་དྲི་ཟའི་དབང་པོ་དགའ་བའི་ཚལ།།
ཚིག་རྒྱན་མེ་ཏོག་འཆར་བའི་ཁེངས་པ་མཐོ།།
དཀར་ནག་རྩིས་དང་རིག་པའི་མ་མ་བརྒྱ།།
གཅིག་ཆར་སྣང་བ་ས་ཡི་མེ་ལོང་ཁྱོན།།
མཐོང་བས་ཀུན་སྣང་དབང་པོའི་བཻཌཱུརྱ།།
ལྔ་ལྡན་འོད་ཟེར་གོས་ཀྱི་ཕག་ཏུ་འཆེལ།།
རིགས་པའི་རྔ་ཆེན་མཁའ་ཡི་ཕ་མཐའ་ལས།།
གྲགས་པའི་རྒོལ་ངན་ལྐོག་མར་ཕྱིན་པའི་སྙིང་།།
རོ་ལྡན་བདུད་རྩིས་དྲེགས་པའི་མཆུ་སྡེར་གྱིས།།
དྲངས་ལས་དུག་ཅན་བུ་རྣམས་འདར་བ་འཛིན།།
བཟོ་རིག་གོས་ཀྱིས་སྙེམས་པའི་གར་མཁན་ཚོགས།།
ཁྱོད་ལས་བསྐྲུན་པའི་ཕྱོགས་ཀུན་མཛེས་པའི་རྒྱན།།
གཅིག་ཉིད་ཀྱིས་ཀྱང་ཡན་ལག་བསྐྱོད་པའི་ཁུར།།
བཏང་ནས་འཛིན་བྱེད་ལས་ལ་ཆགས་བྲལ་བླངས།།
ཁྱད་པར་སྙན་གྱི་ཡུར་བ་རིམ་བརྒྱུད་པའི།།
དྲི་མེད་ག་གཱས་རྩོད་དུས་ཉམས་སླད་དུ།།
སྙིང་གི་རིན་ཆེན་བུམ་བཟང་ཡོངས་བཀང་བས།།
སྨྲ་མཁས་ཕལ་ཆེར་ལྦུ་བའི་ལོངས་སྤྱོད་བསྟེན།།
ད་ནི་གྲུབ་མཆོག་བླ་མ་ཡི།།
གསང་གསུམ་ཐུགས་ལ་རི་མོ་བརྒྱར།།
འབྲི་བའི་མཉམ་འཇོག་བདེ་བའི་རོས།།
ཀུན་རྟོག་གཞོམ་ལ་བྲེལ་ལགས་སམ།།
སྨྲ་བྱེད་དྲིལ་བུ་སྒྲ་ཆུང་ཡང་།།
དོན་བཟང་མཛུབ་མོས་སྙོད་མཁས་པ།།
དེ་ལས་མཚོན་པའི་རིན་ཆེན་ཚོགས།།
འདྲེན་ལ་སྐྱོ་བ་མེད་ལགས་གྲང་།།
ལུགས་གཉིས་ཤིང་རྟའི་ཁ་ལོ་བ།།
གཅེན་དང་གནངས་ཆེན་འབངས་གཏོགས་ཀྱི།།
ཀུན་དའི་དགའ་མ་དགེ་ལེགས་འདིའི།།
རྔ་ཡབ་སྒྲེང་ལས་ཡོལ་མེད་དམ།།
འདི་ན་ཆུ་གཏེར་སྐ་རགས་ཅན།།
འབྱུང་བོ་ཀུན་འཛིན་བྱེད་པོའི་མཐོངས།།
གྲགས་དཀར་གཅིག་གིས་ཁྱབ་པའི་མགོན།།
འཇམ་དཔལ་དངོས་བྱོན་འཚོ་གཞེས་ངོས།།
མང་ཐོས་སྙན་གོང་ཨུཏྤལ་ལས།།
ཡིད་བསྡུས་རྫི་མའི་ཁྱོ་ཤུག་ཟུང་།།
འཁྱུད་པ་བཏང་བའི་རི་མོ་བཞིན།།
བགྱིད་རྣམས་ཆོས་ཀྱི་རོལ་རྩེད་ཡངས།།
ལུང་རྟོགས་རུ་མཚོན་འདི་མཐོང་བས།།
འཇིགས་པའི་བྲེད་ཤ་ཐོན་པའི་རྗེ།།
ཕྲག་དོག་མུན་པའི་འོབས་བསྟེན་ནས།།
ཤུབ་པུ་ཟློས་པའི་གྲངས་མ་ཕྱིན།།
མཚན་དཔེ་བྲལ་བའི་སངས་རྒྱས་མང་།།
དཀྱིལ་འཁོར་གཅིག་ཏུ་ལྷན་རྒྱས་ཞེས།།
བསྔགས་པ་ཁ་ཡི་ཁང་བཟང་རྩེར།།
འཛེགས་པ་ས་ཡི་རྒྱུ་སྐར་ཤར།།
རིག་པའི་སྦར་མོས་མ་ཟིན་པའི།།
མཁས་བྱ་རུས་སྦལ་ཟེའུ་འབྲུ་བས།།
བཏང་སྙོམས་རྒྱ་ལས་བར་འགོངས་པའི།།
མཁས་དེ་ནགས་ཀྱི་རྗེ་བོ་བཞིན།།
མཆི་མས་བརྣངས་པའི་བུ་གཅིག་པུ།།
བྲལ་བའི་མ་མ་སྐྱེ་མེད་ཀྱི།།
སྒེག་ལྡན་རྒྱ་མཚོའི་འཁོར་ལོ་ལ།།
འཕྱན་འདིས་སྲིད་པའི་དགའ་བ་དམན།།
ལྷག་བསམ་རི་དྭགས་མཚན་མས་མཛེས་པ་འདིས།།
ཕྱི་ནང་ར་རིའི་དྲི་མ་མི་འཛིན་པས།།
སྙིང་གི་ཀུནྡ་གཞོན་ནུའི་ར་བ་ལ།།
བསླབ་ཚིག་ག་པུར་བདུད་རྩིའི་ལོངས་སྤྱོད་བྱ།།
རྒྱལ་བས་ཐུགས་རྗེ་བསིལ་བའི་ཡིད་བཞིན་དབང་།།
བསོད་ནམས་ཀ་བ་མེད་པའི་མཐོངས་ཕྱེས་ནས།།
རྙེད་འདི་དྲི་བྲལ་བསམ་སྦྱོར་རྒྱལ་མཚན་གྱི།།
རྩེ་མོར་མངོན་མཆོད་ལེགས་བྱས་ཕུལ་དུ་དགོངས།།
ལེགས་གསུང་འདི་བས་བཙལ་བྱ་འོད་ལྡན་གྱི།།
མཐོ་རིས་རྒྱལ་བོའི་མདུན་ས་རིམ་བགྲོད་ཀྱང་།།
དག་བྱེད་འདབ་ཡངས་སྙིང་བོར་རྒྱས་བཏབ་པས།།
ཡིད་ཀྱི་ཐིག་ལེ་ཚད་མར་སུ་ཡིས་དོར།།
ཤེས་བྱས་ཟབ་པའི་རྒྱ་མཚོ་གང་།།
དེ་དེ་བ་ལང་རྨིག་རྗེས་བཞིན།།
རྣམ་དཔྱོད་གོམ་པའི་སྟོབས་བསྐྱེད་པས།།
དུས་ཀྱི་ཁྱབ་འཇུག་གཉིས་པ་མཛོད།།
ལེགས་བཤད་བྲལ་བའི་རོ་འཛིན་འདི།།
གོས་དམར་གློག་ལས་མི་ཕྱེད་ཕྱིར།།
དབྱངས་ལྡན་ཁ་ཡི་གེ་སར་བཞིན།།
སྨྲ་བྱེད་ཆོས་ཀྱི་མཁན་པོར་འཚལ།།
མཁས་པའི་རིག་བྱེད་མ་གོམས་པའི།།
སྤྲུལ་བར་ཁེ་འཆེ་གུར་ཀུམ་ཁྱུ།།
དངུས་ཆུའི་ཐིགས་པ་སོར་མོས་བཞིན།།
སྙིང་བོའི་རང་མཚང་འབད་དེ་སྟོན།།
དེ་སླད་ཡ་རབས་ཏི་སེ་དབང་།།
མཆོངས་གར་གཅིག་གིས་རབ་བསྙེན་ནས།།
མཁན་པོའི་མདུན་སར་སློབ་མ་བཞིན།།
དུལ་བ་ཚེ་དང་ཕ་མཐར་སྙོམས།།
ཡིད་ལས་སྐྱེས་པའི་ཐིག་ལེ་ཅན།།
རྩུབ་སྦྱོར་རལ་གྲིའི་འཁྲུལ་འཁོར་འདིས།།
འདོད་པའི་ཕྱོགས་ནི་ཀུན་ཉམས་ཕྱིར།།
རྡུལ་གྱི་མངལ་ནི་གཟུང་མི་འཚལ།།
གཉིས་འཐུང་ཁྲོས་པ་སྤོས་དཀར་གྱི།།
ཚལ་ལ་ངོ་འཛུམ་གནག་པའི་ལྟའི།།
ལུགས་གཉིས་འོ་མ་འཛིན་པའི་སྣོད།།
དེ་དེར་གཉིས་སྐྱེས་མཚོན་མ་སྣུན།།
རྒྱབ་རིང་ཁ་ཆུའི་མུ་ཏིག་དང་།།
གྲུབ་པའི་བཅུད་ལེན་ནོར་གྱུར་ན།།
དུས་ཀྱི་དམོད་པས་ཕོངས་པའི་ཁུར།།
མགྲིན་བཅུའི་རྗེ་བཞིན་ཡུན་མི་ཐོགས།།
སྲོག་ལ་འཛིན་བྱེད་མཚུན་གྱི་ལྷ།།
ཇོ་བོར་བསྟེན་ལས་རང་གི་སྲིད།།
ཉམས་པ་ནུ་ལྡན་ཚོགས་ཅན་མས།།
ས་འདིའི་ཚངས་ཆེན་ནོངས་པ་བཞིན།།
དབེན་པའི་ཚལ་ལ་ཏིང་འཛིན་གྱི།།
སྦྲང་རྩིས་ལུས་རྒྱས་སོ་ནམ་པ།།
གཏན་བདེར་རོལ་པའི་དབང་ཕྱུག་གི།
སྤྲིངས་ཡིག་མཁའ་ཡི་ཕ་མཐར་ཀློག།
ཁོར་ཡིག་ཀཻ་རིའི་གོས་དཀར་ཅན།།
འཛིན་མ་ཁྱིམ་གྱི་འདབ་ལྡན་པ།།
རིན་ཆེན་བ་གམ་ཁང་བཟང་གི།།
ཕྲེང་བ་བརྒྱ་བྱིན་མཚོན་དུ་རྟོག།
དེ་ན་ཟིལ་གནོན་སྒྲ་དབྱངས་ཞེས།།
ཨེ་མ་རིག་འཛིན་རྒྱལ་བའི་དབང་།།
ས་ཆེན་ཆོས་ཀྱིས་སྐྱོང་བའི་རྗེ།།
སྒྱུ་མའི་རོལ་རྩེད་འཛིན་ལ་ཉེ།།
དགའ་ཆེན་རྐང་སྟེགས་ལྷུར་བླངས་པས།།
གསང་གསུམ་སྙིང་པོའི་འབབ་ལྡན་མ།།
གཉིས་བྲལ་དཔལ་ལྡན་ཚངས་པའི་ཏོག།
རང་གི་གདན་ལ་སུས་མི་སྨོན།།
དེ་ཕྱིར་ཐུབ་ཚུལ་མ་ལུས་པ།།
ཐ་གུས་འདྲེན་པའི་ཤིང་རྟ་བ།།
མི་བསྲུན་གཡུལ་ངོར་ཆས་པའི་སྡེ།།
མཐའ་དག་ཆོས་ཀྱི་གཉེན་དུ་རེ།།
རྣམ་བཞིའི་དཔུང་ལྡན་སྲེད་མེད་བུ།།
མ་ཁ་རུས་པའི་དུར་ཁྲོད་དུ།།
བསྒྱུར་ནས་འཛམ་གླིང་བཅུ་གཉིས་ཆར།།
རྫོགས་ལྡན་བསུ་ལ་འགྲན་བཞིན་བལྟ།།
མ་ལུས་རིག་པའི་ལེགས་བཤད་སྤོས་ཀྱི་གླང་།།
ལྕགས་ཀྱུ་མེད་པར་ཡིད་ཀྱི་གྲྭར་བཟུང་ནས།།
ཤེས་བྱའི་རི་མོ་ཡོངས་སྨིན་མཁྱེན་བཟང་གི།
ནོར་བུས་མཐའ་དག་ཡིད་ཀྱི་མུན་པ་སོལ།།
རྡུལ་བྲལ་རྣམ་པ་མཆོག་ལྡན་སྟོང་བའི་གཟུགས།།
མི་འགྱུར་བདེ་བའི་དོག་པར་རབ་ཆགས་པས།།
ཉི་ཁྲི་ཆིག་སྟོང་མགྱོགས་འགྲོའི་སྲོག་ཟོས་ནས།།
སྐུ་བཞི་འཛམ་བུའི་གསེར་འོད་ཁོངས་ནས་སྤྲོ།།
ཚུལ་འདིས་ཁྱོད་འཛུམ་དཀར་བའི་ལྦུ་བ་ཡིས།།
ཡིད་ཀྱི་ཆུ་གཏེར་མཛེས་པའི་བ་གམ་ལས།།
སྙིགས་དུས་འཕྲོག་སླད་མཛད་བཟང་སྟོང་ཕྲག་གི།
ཙུ་ཏའི་སྙེ་མ་དུད་པས་ས་ཁྱབ་ཤོག།
འདི་སྨྲ་མདུད་པར་པདྨའི་མངལ་ཅན་རིག་བྱེད་ཀློག་ལ་རྣམ་པར་འཐོམས།།
དྲི་ཟ་མྱོས་པའི་ཚང་ཚིང་ཚལ་གནས་ཡོན་མིག་གདོང་བ་ས་ལ་བྱིན།།
དགེ་དབང་དཔའ་བོའི་འགྲམ་པ་ལ་ཡང་རྔུལ་ཆུའི་ཐིགས་པ་བརྒྱ་འགོད་ཅེས།།
ཁེངས་ཚིག་འཕྲོགས་བྱེད་ང་རོའི་དབྱངས་མཁན་རང་གི་བུ་ལ་སེམས་ཉེ་ནས།།
མཐོན་མཐིང་མཛུབ་རིས་གེ་སར་མོ།།
ཟླ་བའི་དབུས་སོན་རི་བོང་བཞིན།།
མར་གད་གྲོགས་བཟང་ཐོབ་དང་ལྷན།།
སྒྲོ་ལྡན་ཕོ་ཉའི་ཚུལ་དུ་བཏང་།།

རྩོམ་སྒྲིག་པ། བྱ་མདོ་ཀུར་གུམ།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།