རྗེ་བཙུན་འཇམ་དཔལ་དབྱངས་ལ་བྱ་དཀའ་བའི་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-22 23:10:19     རྩོམ་པ་པོ།   བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས།    ཀློག་ཐེངས།  

u=4117886034,3736448755&fm=11&gp=0.jpg 

ཨ་ངེས་ནི།
ཨོཾ་སྭ་སྟི།
རབ་ཡངས་ནམ་མཁའ་རབ་གང་བ།།
འཕགས་པ་གཞན་ལས་འཕགས་པ་རབ།།
ཡང་དག་མཐའ་ལ་ཡང་དག་གནས།།
མཛད་པ་མཐའ་ཡས་མཛད་པ་ཅན།།

ས་ལམ་མཐའ་དག་ས་ལ་དབང་།།
བག་ཆགས་མཐའ་དག་གཏན་ཟད་པ།།
འཇམ་དཔལ་ཨ་ར་པ་ཙ་ན།།
བསམ་ལས་འདས་ལ་བདག་ཅག་དད།།

གང་ལས་དད་པ་རབ་བཤད་ན།།
བདག་ཅག་དད་པ་ཡང་ཡང་དར།།
གཞན་ཡང་དད་པ་ལ་ཕན་པས།།
གང་ལས་དད་པ་འཆད་པ་ལ།།

འཕགས་པ་དམ་པ་འཇམ་དཔལ་ལ།།
བསམ་པ་ཐག་པས་དང་པ་བདག།
ཡལ་བར་བཏང་བ་ཆ་ཙམ་ཡང་།།
མ་མཛད་བདག་ལ་གསན་པར་འཚལ།།

མཚན་བཟང་གང་དང་གང་ལགས་པ།།
རབ་གསལ་རབ་བཟང་མདངས་བཟང་བ།།
མཚན་བཟང་མཐའ་དག་ཚང་བས་ན།།
རབ་གསལ་ཞལ་རས་བཞད་པ་ལ།།

ཞབས་མཉམ་པ་དང་ཤངས་བཟང་དང་།།
གཙང་དང་འཇམ་དང་དག་པ་དང་།།
དཀར་དང་ཚད་མཉམ་ཐགས་བཟང་དང་།།
མཚན་མ་གཞན་ཡང་ཚང་བ་ལགས།།

འཕགས་པ་འཇམ་དཔལ་ངག་གང་ལའང་།།
ཡན་ལག་ཆ་ཙམ་མ་ཉམས་པར།།
ཡན་ལག་མཐའ་དག་ཚང་བས་ན།།
ངག་ལ་དབང་བ་ཡང་དག་རབ།།

འཕགས་པ་འཇམ་དཔལ་ཡང་དག་པ།།
གང་ལ་ཟག་པ་མཐའ་དག་པ།།
བག་ཆགས་བཅས་པ་དག་པས་ན།།
རབ་གཙང་གཙང་མ་ཡང་དག་ལ།།

གནས་དང་གནས་ལ་ལགས་པ་ཡང་།།
མཐའ་དག་པ་ལ་ཚད་མ་ཅན།།
འཇམ་དཔལ་ལས་གཞན་དག་ན་གང་།།
མཁས་པ་མཁས་པ་ཡང་རབ་ལ།།

ཡང་དག་མཐའ་ལ་བར་མ་ཆད།།
མཉམ་བཞག་ངང་ལས་མ་ལངས་པར།།
མཐའ་དག་ཁམས་ཡང་རབ་གསལ་ལ།།
གཞན་ལ་ཕན་པ་མཐའ་དག་པ།།

བར་མ་འཆད་པར་མཛད་པ་མཛད།།
ཡང་དག་མཐའ་ལ་གནས་ན་ཡང་།།
དག་པ་ས་ལ་གནས་པའང་མཛད།།
མཛད་པ་འགལ་བ་མཛད་པ་མཛད།།

འཕགས་པ་འཇམ་དཔལ་མཛད་པ་གང་།།
མཐའ་ལས་འདས་དང་བསམ་ལས་འདས།།
ཚད་ལས་འདས་དང་གཞལ་ལས་འདས།།
དཔག་ལས་འདས་དང་མཉམ་ལས་འདས།།

མཛད་པ་ཡང་ཡང་མཛད་པ་ལས།།
ཆ་ཙམ་ཡང་ཡང་བཤད་པ་ལས།།
དད་པ་ཡང་ཡང་བསགས་པ་ལས།།
གདམས་པ་ཡང་ཡང་ཉན་པར་འཚལ།།

བསམ་པ་དམན་པ་ལ་ལ་དག།
མཐའ་ཡས་ཕན་བཏགས་ཕ་དང་མ།།
ཡལ་བར་བཏང་ནས་བདག་ཐར་པ།།
མ་རབ་ངན་པར་རབ་བསམས་ནས།།

ཆ་ཤས་ཙམ་ཡང་མ་དལ་བར།།
གཞན་ལ་ཕན་པ་མཛད་པས་ན།།
གཞན་ལ་ཕན་པ་མ་ལགས་པ།།
མཛད་པ་ཆ་ཙམ་མ་འཚལ་ལ།།

ནམ་མཁའ་དང་མཉམ་ཕ་མ་དང་།།
ལས་ངན་མཐའ་ཡས་བསགས་པ་ལས།།
ར་བ་ངན་པ་ཐར་དཀའ་གནས།།
གཡང་སར་ཡང་ཡང་ཉམ་ཐག་པ།།

མཐའ་ལས་འདས་པ་མཐའ་དག་པ།།
ཐར་བར་མཛད་པར་དམ་བཅས་ནས།།
ནམ་མཁའ་གནས་པ་དང་མཉམ་པར།།
གནས་པར་མཛད་པ་དམ་ཡང་བཅས།།

ནམ་མཁའ་མཉམ་པ་མཐའ་དག་ལ།།
མཐའ་དག་དཔལ་ལ་གནས་པ་དང་།།
མཐའ་དག་བར་ཆད་ལས་འདས་པ།།
མཐའ་དག་ཕན་མཛད་བསམ་པས་གནས།།

གཞན་ཕན་བསམ་པ་མཐའ་ཡས་དར།།
ཐབས་ལ་མཁས་པ་མཐའ་ཡས་པ།།
བར་མ་ཆད་པར་མཛད་པས་ན།།
མཐའ་ལས་འདས་པ་ཐར་བར་མཛད།།

ཐར་པ་རབ་དང་དམ་པ་ལ།།
གནས་པ་གང་དང་གང་འཚལ་བ།།
མཐའ་དག་འཕགས་པ་འཇམ་དཔལ་ལ།།
གདམས་ངག་ཉན་པས་ཐར་པ་ལགས།།

ཐར་ལམ་ཡང་དག་འཆད་པ་ལ།།
མཁས་པ་རབ་དང་དམ་པ་གང་།།
འབད་པས་ཡང་ཡང་བཙལ་ན་ཡང་།།
གང་ནའང་འཕགས་པ་འཇམ་དཔལ་དང་།།

མཉམ་པ་འགའ་ཡང་མ་འཚལ་ན།།
མཉམ་ལས་འདས་པ་གང་ལ་མངའ།།
མཐའ་དག་གནས་ལ་མཁས་པ་དང་།།
གཞན་ལ་ཡང་དག་མཐའ་འཆད་དང་།།

གཞན་ཕན་མཛད་བཟང་མཐའ་ཡས་དང་།།
དཔལ་ལ་གནས་དང་ངག་ལ་དབང་།།
མཐའ་དག་འཕགས་པ་གཞན་དག་ལས།།
རབ་འཕགས་གསལ་བར་འཕགས་པ་ལགས།།

འཕགས་པ་འཇམ་དཔལ་མཚན་ཙམ་ཡང་།།
གཞན་ཕན་མཛད་པ་མཐའ་ཡས་ན།།
མཛད་པ་དཔག་ཡས་གཞན་དག་ལ།།
གཞན་ཕན་བཤད་པ་ག་ལ་འཚལ།།

འཇམ་དཔལ་མཛད་པ་མཐའ་དང་ཚད།།
འཇལ་བ་གང་དང་གང་ལགས་པ།།
ནམ་མཁའ་ལ་ཡང་མཐའ་དང་ཚད།།
འཇལ་བ་དང་ཡང་མཉམ་པ་ལགས།།

འཕགས་པ་འཇམ་དཔལ་ཨ་ལ་ལ།།
མཛད་བཟང་མཐའ་ཡས་ཨ་ལ་ལ།།
འཕགས་པ་འཇམ་དཔལ་ཡ་མཚན་ཅན།།
མཛད་པ་མཐའ་ཡས་ཡ་མཚན་ཅན།།

བསམ་པ་ཐག་པས་དད་པ་བདག།
འཕགས་པ་འཇམ་དཔལ་རབ་བསམས་ནས།།
ངག་ལ་ཨ་ར་པ་ཙ་ན།།
གསལ་བར་ཡང་ཡང་རབ་བསགས་པས།།

གཞན་ཕན་བསམ་པ་མཐའ་ཡས་དང་།།
ཡང་དག་མཐའ་ལ་མཁས་པ་དང་།།
དཔལ་ལ་གནས་དང་ངག་ལ་དབང་།།
མཐའ་དག་གནང་བར་མཛད་པར་འཚལ།།

གཡང་སར་ཡང་ཡང་གནས་པ་ལས།།
དལ་བ་བཟང་དང་ད་ལན་མཇལ།།
ད་ལན་ཡལ་བར་མ་བཏང་བར།།
ཐར་ལམ་ཡང་དག་གནང་བར་འཚལ།།

ཨི་ངེས་ནི།
འདི་ཡི་ཏིང་འཛིན་འདི་ཡིས་ནི།།
ཡིན་མིན་ཉིད་ནི་ཇི་བཞིན་གཟིགས།།
མི་དམིགས་ཏིང་འཛིན་ཇི་བཞིན་གཟིགས།།
མི་འཇིགས་བཞི་ནི་ཇི་བཞིན་གཟིགས།།

ཨུ་ངས་ནི།
དུས་གསུམ་དུས་ཀུན་ཐུགས་སུ་ཆུད།།
དུག་གསུམ་ཀུན་བཏུལ་བདུད་ཀུན་བཏུལ།།
དུས་གསུམ་ཀུན་ཏུ་གསུང་ཀུན་དུལ།།
ལུས་དུལ་ཐུགས་དུལ་ཀུན་ཏུ་དུལ།།

ཨེ་ངེས་ནི།
ཐེག་ཆེན་བཤེས་གཉེན་དཔེ་མེད་ཆེ།།
དགེ་ལེགས་གཏེར་ཆེན་དེ་མཉེས་ཏེ།།
བདེ་ཆེན་ཡེ་ཤེས་དཔེ་མེད་དེས།།
ཉེས་ཆེན་སེལ་ཏེ་བདེ་ཆེན་འཕེལ།།

ཨོ་ངེས་ནི།
མཆོད་འོས་མཆོད་དོ་མགོན་པོ་མཆོག།
ཆོས་འདོད་འདོད་དོན་དོན་ཡོད་མཛོད།།
ཆོས་ཚོལ་མགོན་པོས་ཆོས་ཤོད་མཛོད།།
མགོན་པོ་ཁོ་བོ་མཆོག་ཐོབ་མཛོད།།

སྔོན་ཆད་གཞན་གྱིས་མ་མྱངས་པའི།།
སྔོན་མེད་སྙན་ངག་བསྟན་བཅོས་འདི།།
སྔོན་སྦྱངས་དག་པའི་ལས་འཕྲོ་ཅན།།
སྔོན་གྱི་དཔའ་བོ་ལྟ་བུས་བཀོད།།


ཅེས་རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་བསྟོད་པ་བྱ་དཀའི་རྒྱན་གྱིས་སྤྲས་པ་འདི་ཡང་གཞན་ལ་ཕན་དུ་རེ་ཞིང་ཐོལ་བྱུང་དུ་རྩོམ་འདུན་བྱུང་བའི་དོན་ལྟར་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་ཐུན་བར་ཞིག་ཏུ་ཤར་མང་བྲིས་པ་ཛ་ཡནྟུ།། 

 

 

 

                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།