འཇམ་དབྱངས་དཀར་པོའི་བསྟོད་པ་སྤྲོས་བྲལ་ནམ་མཁའ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-22 23:01:40     རྩོམ་པ་པོ།   ༧པཎ་ཆེན་བློ་བཟང་ཡེ་ཤེས།    ཀློག་ཐེངས།  

d98dc1fc1e178a823f4a581ff403738da877e842.jpg 

ན་མོ་མཉྫུ་གྷོ་ཥ་ཡ།

སྟོང་ཉིད་སྤྲོས་བྲལ་ནམ་མཁའི་དཀྱིལ་ཡངས་བར།།

བཾ་ཡིག་ལས་བྱུང་དཀར་དྭངས་འོ་མའི་མཚོ།།

གཏིང་ཟབ་ཡངས་ཤིང་བསིལ་ངད་ལྡན་པའི་ནང་།།

པད་སྡོང་ཡལ་ག་ལོ་འབྲས་གསེར་ལས་བྱས།།

 

མཉེན་ལྕུག་འཁྲིལ་ལྡན་དཔག་ཚད་བརྒྱ་བའི་དབུས།།

མཚན་མོའི་མགོན་པོ་ཆ་ཤས་རྫོགས་པའི་སྟེང་།།

ཨ་ཡིག་ཡོངས་གྱུར་འཇམ་དབྱངས་དཔའ་བོའི་སྐུ།།

བརྒྱད་ཟུང་བཅུ་དྲུག་ལོན་པ་གཞོན་ནུའི་ཚུལ།།

 

པཉྩ་ལི་ཀའི་ཤམ་ཐབས་ཀྱིས་བཀླུབས་ཤིང་།།

ཕྱག་གཡས་མཆོག་སྦྱིན་གཡོན་པ་ཨུཏྤལ་བསྣམས།།

ཁྱོད་སྐུ་རང་བཞིན་མཚན་དང་དཔེ་བྱད་ཀྱིས།།

བརྒྱན་པའི་སྐུ་མཆོག་ལྟ་བས་མི་ངོམས་ལ།།

 

རིགས་ལྔའི་དབུ་རྒྱན་སྙན་ཤལ་ནོར་བུ་འཕྱང་།།

ཕྱག་ཞབས་གདུ་བུ་རིན་ཆེན་སྐ་རགས་དང་།།

འོག་པག་ལ་སོགས་མཛེས་བྱེད་རྒྱན་གྱིས་སྤྲས།།

རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཁྱོད་ལ་བསྟོད།།

 

མགོན་ཁྱོད་ཡིད་ལ་དྲན་པའི་མོད་ཉིད་དུ།།

བློ་ངན་མུན་ནག་གིས་ལྡོངས་འགྲོ་བ་རྣམས།།

ཤེས་རབ་སྣང་བ་རྒྱས་མཛད་འཇམ་དཔལ་དབྱངས།།

ཁྱོད་སྐུ་མཐོང་ཞིང་གསུང་གིས་གནང་བ་ཐོབ།།

 

བློ་གྲོས་རབ་རྒྱས་རྒྱལ་བའི་ཆོས་ཚུལ་འཛིན།།

མཐོང་བའི་མོད་ལ་ལམ་བཟང་རྒྱུད་ལ་སྐྱེ།།

ཚུལ་ཁྲིམས་ལེགས་གཙང་རྒྱལ་བ་གཉིས་པ་ཡི།།

བསྟན་ལ་ལེགས་ཞུགས་རིམ་གཉིས་མཐར་ཕྱིན་ཤོག།

 

ལེགས་བྱས་འདིས་མཚོན་དགེ་བས་ཚེ་རབས་ཀུན།།

མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས་མཛད་ནས།།

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས།།

མཐར་ཕྱིན་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག།

 

ཅེས་རང་གི་ལྷག་པའི་ལྷ་འཇམ་དབྱངས་དཀར་པོ་ལ་བསྟོད་པ་སྤྲོས་བྲལ་ནམ་མཁའ་ཞེས་བྱ་བ་འདི་ནི་རང་གཞན་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་བའི་ཕྱིར་དུ་དང་བ་ཆེན་པོས་སུག་བྲིས་སུ་བགྱིས་པའོ།།  །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།