དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-26 20:40:16     རྩོམ་པ་པོ།   པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མ    ཀློག་ཐེངས།  

                    399.JPGIMG_0727.JPG

                        ན་མ: སྭ་ར་སྭ་སྟྱཻ།

སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས་ཞེས་བྱ་བ།

བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།།  

དབང་སྔོན་ཞུ་བ་འཁྱིལ་འདྲའི་ཡིད་བཞིན་མཚོ།།

དལ་གྱིས་རླབས་ཕྲེང་དབུ་བའི་འཛུམ་དཀར་ཅན།།

ཆུ་སྐྱེས་བླ་བྲེས་བརྒྱན་པའི་ཆུ་གཏེར་ངོགས།།

རྩ་ཤ་གཞོན་ནུའི་ཁ་དོག་ལྟར་བཀྲ་བའི།།

ཡིད་འཕྲོག་བཻཌཱུར་སྔོན་པོའི་ནེའུ་གསིང་སྟེང་།།

ཟླ་བ་གཞོན་ནུའི་དོ་ཤལ་བཀྲམས་པ་ནི།།

འཆི་མེད་ལམ་དུ་སྐར་ཚོགས་གསལ་བ་བཞིན།།

མརྒ་ཏ་ཡི་ཁུ་བ་བྱུགས་འདྲ་བ།།

ཡིད་འོང་རྐང་འཐུང་མཛེས་པའི་ལག་མཉེན་ནི།།

དང་བའི་བསེར་བུའི་ཕོ་ཉས་བསྐུལ་བ་ན།།

ཆགས་ལྡན་ཡིད་དབང་འགུགས་པའི་གཡབ་མོ་བཞིན།།

གསར་བའི་ལང་ཚོ་རྒྱས་པའི་པདྨོ་རྣམས།།

ལྡེམ་ལྡེམ་གར་བསྒྱུར་གེ་སར་ཟེའུ་འབྲུ་དགོད།།

མེ་ཏོག་སྦྲང་རྩིས་ཕྱུག་པའི་ལྡིང་ཁང་དུ།།

བུང་བ་གཞོན་ནུའི་མགྲིན་པའི་རྒྱུད་མངས་བསྒྲེང་།།

ནེ་ཙོའི་གཤོག་པ་ལྟར་མཛེས་ནགས་ཚལ་གྱི།།

ཕུན་ཚོགས་གཞལ་མེད་ཀུན་དགའ་བསྐྱེད་པའི་གཞི།།

པད་དཀར་ལན་ཚར་གཡོ་བའི་ལྟེ་བར་ནི།།

བདུད་རྩིའི་འོད་ཅན་གཟི་བྱིན་རྒྱས་པའི་སྟེང་།།

འབུམ་ཕྲག་ནམ་མཁའི་ནོར་བུའི་འོད་སྟོང་གིས།།

རབ་མྱོས་ཀཻ་ལ་ཤ་ཡི་རྡུལ་བརྩེགས་ལ།།

འཁུ་ལྡན་དུང་གི་འཁྲིལ་ཤིང་མཛེས་མ་འདི།།

ལྟ་བྱེད་བདུད་རྩི་མ་ལུས་སྤུངས་པ་བཞིན།།

བསིལ་འོད་བདག་པོའི་ཕྱེད་པས་ཐོར་ཚུགས་དང་།།

ཐོར་ཚུགས་ནམ་མཁར་བསྒྲེངས་པས་མེ་ཏོག་ཕྲེང་།།

སྤེལ་ལེགས་མེ་ཏོག་ཕྲེང་བས་སིལ་མའི་སྐྲ།།

ཀུན་ཀྱང་གདུགས་དཀར་ཡན་ལག་མཆོག་གིས་མཛེས།།

དཔལ་ལྡན་ནམ་མཁའི་ལུས་ཅན་ཁྱོད་ཉིད་ཀྱིས།།

འདྲེན་བྱེད་ཡོན་པོར་འཁྱོག་པའི་སྒྲོ་ལྡན་ནི།།

པཉྩ་རྫོགས་པ་སྨོས་ཅི་གཅིག་གིས་ཀྱང་།།

དཔལ་རྐང་ཡིད་ཀྱི་བརྟན་པ་རྡོ་རྗེའི་གོ།།

ལན་བརྒྱར་འབིགས་ན་དེ་ལས་གཞན་པའི་ཅི།།

མཆུ་སྒྲོས་བྱུ་རུའི་སྐྱེད་ཚལ་ཉམས་དགའ་བར།།

ཆུ་ཤེལ་གསར་བའི་སྤུ་ལོང་ཕང་ཕུང་ལ།།

འགོངས་པའི་ཚེམས་དཀར་ཕྲེང་བ་ཚར་དུ་དངར།།

སྙན་ཚིག་གྲེ་འགྱུར་གདངས་ཀྱིས་སྒྲ་འཛིན་གྱི།། 

དབང་བོ་རྣམ་པར་བཞད་པའི་བཅུད་ལེན་འདིས།།

དྲི་ཟའི་ན་ཆུང་མཁར་ཉལ་གནས་འབྲོས་ཤིང་།།

གསེར་མངལ་སྐྱེངས་ནས་བསམ་གཏན་ཟོལ་ལ་བརྟེན།།

རིན་ཆེན་སོར་གདུབ་མཛེས་མས་དམ་འཁྱུད་པའི།།

ཕྱག་ཟུང་འཇམ་མཉེན་ཀ་མ་ལ་ཡི་སྟེང་།།

འཕང་འགྲོའི་རྔ་གསང་དབྱར་སྐྱེས་དབྱངས་བཞིན་སྒྲོག།

མཁྲང་ཞིང་རབ་རྒྱས་ནུ་མའི་ཁུར་འཆང་བ།།

སྨིན་ལེགས་ན་ཆུང་གཙུག་རྒྱན་ཁྱོད་ཀྱིས་ནི།།

ལུས་ཅན་ཆགས་པའི་བསམ་གཏན་ལ་འགོད་ན།། 

འདི་ལས་གཞན་པའི་ཡིད་སྲུབས་མདའ་དེ་གང་།།

རིང་ནས་ཆགས་དང་བྲལ་བའི་དྲང་སྲོང་ཡང་།།

ཡ་མཚན་ཁྱོད་སྐུའི་དཔལ་འདིར་ཡིད་འཁྱོལ་བས།།

མན་ངྷ་རཱ་ཡི་དབུ་བ་བརྩེགས་འདྲ་བའི།།

མུ་ཏིག་ཕྲེང་ཚོགས་འཕྱ་བས་དགོད་པ་བཞིན།།

དབང་སྔོན་འདབ་བརྒྱ་བཞད་པ་ལ་འགྲན་པའི།།

སྲབ་འཇམ་ལྷ་རྫས་སྟོད་གཡོག་རྣམ་པར་གཡོ།།

པད་མ་རཱ་གའི་མདངས་ཀྱི་མཛེས་སྡུག་ཀྱང་།།

ཕམ་བྱེད་སྨད་གཡོག་ཤམ་ཐབས་དྲ་བས་དཀྲིས།།

ཡིད་འོང་རྣམ་འགྱུར་སྟོང་གི་རྣམ་རོལ་ཅན།།

འཕོ་འགྱུར་སྤངས་པའི་བརྒྱད་ཟུང་ལང་ཚོའི་དབྱིངས།།

མངོན་དགྱེས་དུས་གསུམ་རྒྱལ་བའི་ཡུམ་དེ་ལ།།

གཙུག་སྐྱེས་འཛིན་མར་བཀོད་པའི་ཕྱག་བགྱིད་དོ།།

སྙིང་ལ་ཁྱོད་སྐུའི་སྣང་བ་དྲན་ཙམ་གྱིས།།

རབ་འབྱམས་ཤེས་བྱའི་ཚོགས་རྣམས་མ་ལུས་པ།།

ཇི་བཞིན་རྟོགས་པའི་རྣམ་དཔྱོད་འོད་སྟོང་གིས།།

འགྲོ་བའི་རྨོངས་མུན་མ་ལུས་སེལ་བར་ཤོག།

བཤད་པས་བློ་གསལ་རྣ་བ་མཛེས་བྱེད་ཅིང་།།

རྩོད་པས་ལོག་སྨྲ་མ་ལུས་ཀླད་པ་འགེམས།།

རྩོམ་པས་མཁས་རྣམས་མགྲིན་པའི་རྒྱན་འཆང་བའི།།

དབྱངས་ཅན་ལྷ་མོས་བཀྲ་ཤིས་དེང་འདིར་སྩོལ།།

ཞེས་པ་འདི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ན་ཚོད་ལོ་བཅུ་བཞི་བའི་དུས་སུ་སྦྱར་བའོ།།

 

 

 མཆན་འགྲེལ།  སྙན་རྩོམ་འདི་ནི་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དགུང་ལོ་བཅུ་བཞི་བར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞུས་ཏེ་བསྙེན་པ་ཞག་བདུན་མཛད་པས་རྒྱལ་བ་ཀུན་གྱི་ཡུམ་གཅིག་སྒྲ་དབྱངས་ལྷ་མོར་གྲགས་པ་དབྱངས་ཅན་མ་དཀར་མོ་ཞལ་གཟིགས། ཁྱད་པར་དབྱངས་ཅན་མ་དེའི་ཐུགས་ཀ་ནས་ལྷ་མོ་དབྱངས་ཅན་མ་སྔོན་མོ་ཕྱག་གཉིས་རིན་པོ་ཆེའི་ཡོལ་གོ་དངོས་གྲུབ་གཟུགས་ཅན་ལྟ་བུའི་ཤིང་ཐོག་གསར་བས་བཀང་བ་འཛིན་པ་ཞིག་ཐོན་ཏེ་སྣོད་བཅུད་དང་བཅས་པ་གཙོ་མོར་ཕུལ་བ།   གཙོ་མོའི་ཕྱག་གཡས་སུ་བཞེས་པའི་ཤིང་ཐོག་གི་འབྲུ་གཅིག་ལས་ཚངས་པའི་སྲས་མོ་དམར་མོ་གཅིག་ཐོན་བྱུང་བ་དེས་གཙོ་མོའི་ཕྱག་ནས་ཤིང་ཐོག་སྣོད་དང་བཅས་པ་བླངས་ཏེ་རྗེ་འདི་ལ་ཕུལ་བྱུང་བ་ལོངས་སྤྱད་པས་བློ་གྲོས་ནམ་མཁའ་མཛོད་ཀྱི་སྒོ་ཐོག་མར་ཕྱེ་བའི་ཚུལ་བསྟན། སྐུ་ཚེ་འདིར་དེ་གོང་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་ལ་ཐུགས་སྦྱོང་མ་མཛད་ནའང་། དེ་དུས་དབྱངས་ཅན་མ་ཇི་ལྟར་གཟིགས་པ་ལྟར། ཐུན་མཚམས་སུ་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཞིག་རྩོམ་འདོད་འཁྲུངས་པ་ན། དེ་མ་ཐག་ཚིག་སྦྱོར་རྣམས་ཝལ་གྱིས་ཤར་ནས་ཐོགས་མེད་དུ༼སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས༽ཞེས་པ་འདི་རྩོམ་པར་མཛད་དོ།། བསྟོད་པ་འདི་དབྱངས་ཅན་མའི་སྐུ་ཇི་ལྟར་གཟིགས་པ་ལྟར་དུ་བསྟོད་པ་མཛད་པ་ཡིན་པས་འདི་ལ༼དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ༽ཞེས་གང་གི་ཐུགས་སྲས་གྲུབ་ཆེན་རྣམས་མཐུན་པར་གསུང་ངོ་།།

 ན་མ་སྭ་ར་སྭ་སྟྱཻ།  བོད་སྐད་དུ་བསྒྱུར་ན་དབྱངས་ཅན་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ན་མ:ཕྱག་འཚལ་བ་དང་སྭ་ར་སྭ་སྟྱཻ་དབྱངས་ཅན་མའོ།།

 པཉྩ་ནི་ལེགས་སྦྱར་སྐད་དེ། བོད་སྐད་དུ་བསྒྱུར་ན་ལྔའི་མིང་།།   

 

                                  1993ལོའི་སྦྲང་ཆར་དེབ་བཞི་བ་ལས་བཤུས།

 

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།