བློས་བྱས་ཀྱི་སྟོང་བ་དང་ཉི་ཚེ་བའི་སྟོང་བ་ཞེས་པ་དེ། གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

    སྤེལ་དུས།  2015-12-06 23:57:27     རྩོམ་པ་པོ།   དཔྱི་ས་དྲུང་ཆེན་སྤྲུལ་སྐུ    ཀློག་ཐེངས།  

            ངེས་དོན་ལྷ་རམས་པ་རྩེར་ཕུད་དགེ་བཤེས་བསོད་ནམས་རྒྱ་མཚོ་ཚང་གི་དྲིས་ལན། རེབ་གོང་རོང་བོ་དཔལ་གྱི་དགོན་ཆེན་གྱི་རིགས་སྨྲའི་ཁྱུ་མཆོག དཔལ་བྱང་རྩེ་གྲྭ་ཚང་གི་ཡོངས་ཀྱི་བཤེས་གཉེན་ཆེན་པོ། རྒྱལ་སྤྱིའི་དགེ་ལྡན་ལྷ་རམས་པའི་ཁྲོད་ཀྱི་ངེས་དོན་ལྷ་རམས་པ་རྩེར་ཕུད། དགེ་བཤེས་བསོད་ནམས་རྒྱ་མཚོ་མཆོག་གིས་ཁེངས་ཆེས་ཆེར་བསྐྱུངས་ཏེ། སྐུ་གཞོགས་ལགས། ཁམས་བཟང་། བཀའ་འདྲི་ཞུ་རྒྱུ་ཞིག་ལ། བློས་བྱས་ཀྱི་སྟོང་བ་དང་ཉི་ཚེ་བའི་སྟོང་བ་ཞེས་པ་དེ། གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། བཀའ་ལན་ཞིག་ཡིག་ཐོག་ནས་གསུང་རོགས། གསུངས་པ་རྩོམ་སྒྲིག་གི་བགྱི་བའི་དབང་གིས་ལོང་མེད་ན་འང་ཡིད་གུས་པས་དང་དུ་བླངས་ཏེ་གོ་བ་གཙོ་བོར་བྱས་པའི་ལན་མདོ་ཙམ་ཞུ་ན།
           ལམ་རིམ་འབྲིང་བ་ལས། ཆོས་རྣམས་ཡེ་གདོད་མ་ནས་དེ་ལྟར་སྟོང་བ་ལ་སྟོང་བར་ཤེས་པ་ཙམ་ཡིན་པས་བློས་བྱས་ཀྱི་སྟོང་བའང་མིན་ཞིང་། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་བའང་མིན་པས་ཞེས་དང་། ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས།སྤྱིར་ཆོས་དེ་ལྟར་མི་གནས་ཀྱང་གྲུབ་མཐའི་དབང་གིས་དགག་བྱ་བཀག་པའི་སྟོང་ཚུལ་ཞིག་ཆོས་དེ་དང་དེའི་གནས་ལུགས་སུ་འཇོག་པ་ནི་བློས་བྱས་ཀྱི་སྟོང་བ་ཡིན་པས་དབུ་མའི་དོན་མེད་ལ། ཆོས་དེ་དགག་བྱ་དེས་སྟོང་བར་གཏན་ལ་ཕབ་པ་ལྟར་ཆོས་དེ་གནས་ཀྱང་སྟོང་ཚུལ་དེས་ཆོས་ཅན་དངོས་པོ་མཐའ་དག་ལ་ཁྱབ་པ་མིན་པ་ནི་ཉི་ཚེ་བའི་སྟོང་བ་ཡིན་པས་ཆོས་དབྱིངས་དེ་བཞིན་ཉིད་དུ་མི་རུང་ངོ་།།ཞེས་པའི་གསུང་བབ་དང་བསྟུན་ན། བློས་བྱས་ཀྱི་སྟོང་བ་ནི། སྤྱིར་ཆོས་རྣམས་སྟོང་ཚུལ་དེ་ལྟར་གཏན་ལ་འབེབས་ཚུལ་མེད་ཀྱང་གྲུབ་མཐའི་དབང་གིས་བློས་བྱས་པའམ་བློས་སྒྲོ་བཏགས་པའི་དགག་བྱ་ཞིག་གིས་སྟོང་བ་ཞིག་གོ། དཔེར་ན། ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་སྟོང་བ་ལྟ་བུ།ཉི་ཚེ་བའི་སྟོང་བ་ནི།ཆོས་ཅན་ཕྱོགས་རེ་བ་དགག་བྱ་དེས་སྟོང་ཚུལ་ཞིག་ཡོད་ཀྱང་ཆོས་ཅན་མཐའ་དག་དགག་བྱ་དེས་སྟོང་ཚུལ་མེད་པའི་དགག་བྱ་ཞིག་གིས་སྟོང་བ་ཞིག་གོ །དཔེར་ན། ངོ་བོ་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་དང་གནས་སྐབས་གཞན་དུ་མི་འགྱུར་བ་རྣམ་འཇོག་གཞན་ལ་མི་ལྟོས་པ་སྟེ་རང་བཞིན་ཁྱད་པར་གསུམ་ག་རེ་རེ་ནས་ཡིན་པས་སྟོང་བ་ལྟ་བུ།སྐབས་འདིའི་ཉི་ཚེ་བའི་སྟོང་བ་འདི་འདུས་བྱས་ཀྱི་སྟེང་དུ་བཞག་ཆོག་ཀྱང་འདུས་མ་བྱས་ཀྱི་ཆོས་ཀྱི་སྟེང་དུ་འཇོག་ཚུལ་མེད་པའི་སྟོང་བ་ཡིན་པས་ཉི་ཚེ་བའི་སྟོང་བ་ཡིན་ལ། ཡང་ལེགས་བཤད་སྙིང་བོ་ལས། བདག་མེད་པའི་ཕྱོགས་རེ་བསྟན་ནས་རིམ་གྱིས་འཁྲིད་དགོས་ལ་རྒྱུ་འབྲས་འཇོག་པའི་གཞི་མེད་ན་ཉི་ཚེ་བའི་སྟོང་བ་དེ་ཡང་བཞག་ཏུ་མི་རུང་བའི་ཕྱིར་རོ།།ཞེས་པའི་གསུང་བབ་དང་བསྟུན་ན། དགག་བྱ་དེ་བཀག་ན་དེ་ལ་བརྟེན་ནས་དགག་བྱ་ཐམས་ཅད་ཁེགས་མི་ནུས་པའི་དགག་བྱ་ཕྱོགས་རེ་བ་ཞིག་གིས་སྟོང་བ་ཞིག་ལ་ཡང་ཉི་ཚེ་བའི་སྟོང་བ་ཟེར། དཔེར་ན། གང་ཟག་རང་རྐྱ་ཐུབ་པས་རྫས་ཡོད་ཀྱིས་སྟོང་བ་ལྟ་བུ། སྐབས་འདིའི་ཉི་ཚེ་བའི་སྟོང་བ་ནི་རང་གི་དགག་བྱ་དེ་བཀག་ན་དེ་ལ་བརྟེན་ནས་དགག་བྱ་ཐམས་ཅད་ཁེགས་མི་ནུས་པའི་དགག་བྱ་ཕྱོགས་རེ་བ་ཞིག་གིས་སྟོང་བ་ཡིན་པས་ཉི་ཚེ་བའི་སྟོང་བ་ཡིན་ནོ།།
           དེ་ཡང་ཉི་ཚེ་བའི་སྟོང་བ་འཇོག་ཚུལ་ཕྱི་མ་འདིའི་ཉི་ཚེ་བའི་དོན་དགག་བྱའི་སྒོ་ནས་འཇོག་དགོས་ལ།འཇོག་ཚུལ་འདི་ཉིད་ཀྱི་དབང་དུ་བྱས་ཏེ། དྲང་ངེས་འཇུག་ངོགས་ལས། དང་བོ་མི་འཐད་དེ། འདིའི་ཉི་ཚེ་བ་ནི་སྟོང་གཞིའི་སྒོ་ནས་མིན་པར་དགག་བྱའི་སྒོ་ནས་ཡིན་ཞིང་། དེ་ཡང་རང་རྐྱ་ཐུབ་པའི་རྫས་ཡོད་ལ་བྱེད་པའི་ཕྱིར། ཞེས་གསུངས། ཉི་ཚེ་བའི་སྟོང་བ་འཇོག་ཚུལ་སྔ་མའི་ཉི་ཚེ་བའི་དོན་སྟོང་གཞིའི་སྒོ་ནས་འཇོག་དགོས་ལ། འཇོག་ཚུལ་དེ་ཙམ་ལ་དགོངས་ཏེ་སྔར་དྲངས་པ་ལྟར། ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས།ཆོས་དེ་དགག་བྱ་དེས་སྟོང་བར་གཏན་ལ་ཕབ་པ་ལྟར་ཆོས་དེ་གནས་ཀྱང་སྟོང་ཚུལ་དེས་ཆོས་ཅན་དངོས་པོ་མཐའ་དག་ལ་ཁྱབ་པ་མིན་པ་ནི། ཞེས་སོགས་གསུངས་སོ།།དེ་ལྟར་ཉི་ཚེ་བའི་སྟོང་བ་འཇོག་ཚུལ་ལ་རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་དྲི་མ་མེད་པ་ལམ་རིམ་དང་ལེགས་བཤད་སྙིང་བོ་གཉིས་ཀྱི་གསུང་བབ་ཅུང་མི་འདྲ་བ་ནི་མཚན་གཞི་ངོས་འཛིན་ཚུལ་མི་འདྲ་བ་ཙམ་ལས་རིགས་པས་ཞིབ་ཏུ་བརྟགས་ན། འཇོག་ཚུལ་སྔ་མ་ལེགས་བཤད་སྙིང་བོ་དང་ཕྱི་མ་ལམ་རིམ་གྱི་ཡང་དོན་གྱི་དགོངས་པ་ཡིན་པར་མ་ཟད་འཇོག་ཚུལ་སྔ་མའི་ཉི་ཚེ་བའི་སྟོང་བ་ལ་འཇོག་ཚུལ་ཕྱི་མའི་ཉི་ཚེ་བའི་སྟོང་བས་ཁྱབ་པ་ཡིན་ནོ།།དེ་ཕྱིར་ལེགས་བཤད་སྙིང་བོ་ལས། དེས་ན་གསུང་རབ་ཀྱི་བརྗོད་བྱའི་དོན་ཡང་ཡིན་ལ་གསུང་བ་བོའི་དགོངས་པ་ཡང་ཡིན་པ་དང་། ཞེས་གསུངས་པ་ལྟར་འཇོག་ཚུལ་སྔ་ཕྱི་གཉིས་ཀ་གསུང་རབ་དེ་དང་དེའི་དོན་གྱི་དགོངས་པ་ཡང་ཡིན་ལ་གསུང་བ་བོ་འཇམ་མགོན་རྒྱལ་བའི་དགོངས་པ་ཡང་ཡིན་པས་རྨད་བྱུང་ལེགས་བཤད་ཟུང་གི་དོན་གྱི་ཁོག་བསྒྲིགས་ན།ཆོས་ཅན་ཕྱོགས་རེ་བ་དགག་བྱ་དེས་སྟོང་ཚུལ་ཞིག་ཡོད་ཀྱང་ཆོས་ཅན་མཐའ་དག་དགག་བྱ་དེས་སྟོང་ཚུལ་མེད་པའི་དགག་བྱ་ཞིག་གིས་སྟོང་བ་དང་དགག་བྱ་དེ་བཀག་ན་དེ་ལ་བརྟེན་ནས་དགག་བྱ་ཐམས་ཅད་ཁེགས་མི་ནུས་པའི་དགག་བྱ་ཕྱོགས་རེ་བ་ཞིག་གིས་སྟོང་བ་གང་རུང་ལ། ཉི་ཚེ་བའི་སྟོང་བ་ཞེས་བྱ་འོ།།དེ་ལ་གཞུང་འགར་མི་རྟག་པ་དང་། སྡུག་བསྔལ་བ། སྟོང་བ། བདག་མེད་པ་བཞི་བུམ་པ་སྤྱིའི་མཚན་ཉིད་དང་། བུམ་པའི་མི་རྟག་པ་སོགས་བཞི་བུམ་པའི་རང་གི་མཚན་ཉིད་དུ་གསུངས་པའི་རིགས་པའི་འགྲོས་བཀབ་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དེ་གཞི་གང་ཟག་དང་གང་ཟག་མ་ཡིན་པ་གཉིས་ཀའི་སྟེང་དུ་གཏན་ལ་དབབ་རྒྱུ་ཡོད་མེད་དང་དེ་གཉིས་ཀའི་གནས་ལུགས་ཡིན་མིན་རྩོད་རྒྱུ་ཡོད་ལ།ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས། དེ་ལ་དངོས་པོ་སྨྲ་བའི་ལུགས་ཀྱི་གཟུགས་རང་འཛིན་ཤེས་པ་ལས་རྒྱང་ཆད་དུ་གྲུབ་པས་སྟོང་བ་འམ། ཞེས་སོགས་ཀྱི་གསུང་ཉམས་དང་བསྟུན་ན།རང་གཞན་གྱི་ཤེས་རབ་འཕེལ་ཐབས་སུ་ཆོས་གྲྭའི་དོགས་སློང་འདི་ལྟར།སེམས་ཙམ་པའི་འདོད་པ་ལྟར་གྱི་གཟུགས་རང་འཛིན་ཤེས་པ་ལས་རྒྱང་ཆད་དུ་གྲུབ་པས་སྟོང་བ་དེ་ལུགས་འདི་ལ་ཉི་ཚེ་བའི་སྟོང་བ་ཡིན་ནམ་མིན། མིན་ན། གྲུབ་མཐའ་དེ་ཉིད་ལས། སྟོང་ཚུལ་དེས་ཆོས་ཅན་གྱི་དངོས་པོ་མཐའ་དག་ལ་ཁྱབ་པ་མ་ཡིན་ཞིང་། ཞེས་དེ་འདྲའི་སྟོང་བ་དེ་སྟོང་གཞི་ཆོས་ཅན་ཕྱོགས་རེ་བའི་ཉི་ཚེ་བའི་སྟོང་བ་ཡིན་པའི་བཟོ་འདྲ་ཞིག་གསུངས་དགོས་དོན་མི་སྣང་ཞིང་།ཡིན་ན། སྤྱིར་སེམས་ཙམ་པའི་འདོད་པ་ལྟར་གྱི་གཟུགས་ནི་བརྟགས་པ་མཐའ་བཟུང་གིས་ཤེས་པའི་སྣང་ཆ་ཙམ་གྱི་གཟུགས་ཤིག་ལ་འཇོག་ཅིང་། དེ་འདྲ་བའི་གཟུགས་ནི་འདི་བའི་ལུགས་ལ་ཡེ་ནས་མེད་པས་སྟོང་གཞི་ཆོས་ཅན་མེད་པའི་ཆོས་ཅན་ཕྱོགས་རེ་བའི་ཉི་ཚེ་བའི་སྟོང་བ་ཡོད་པར་འགྱུར་རོ།།གལ་ཏེ་སྟོང་གཞི་ཆོས་ཅན་མེད་པའི་ཆོས་ཅན་ཕྱོགས་རེ་བའི་ཉི་ཚེ་བའི་སྟོང་བ་ཡོད་ན་ཐལ་བར་འགྱུར་བ་མེད་དོ་སྙམ་ན། ལུང་གིས་ཀྱང་མི་འཐད་ལ་རིགས་པས་ཀྱང་མི་འཐད་དོ།།དང་བོ་གྲུབ་སྟེ། སྔར་དྲངས་པའི་ལེགས་བཤད་སྙིང་བོ་ལས།རྒྱུ་འབྲས་འཇོག་པའི་གཞི་མེད་ན་ཉི་ཚེ་བའི་སྟོང་བ་དེ་ཡང་བཞག་ཏུ་མི་རུང་བའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འདྲའི་ཉི་ཚེ་བའི་སྟོང་བ་དེའི་དགག་བྱས་སྟོང་གཞི་ཆོས་ཅན་འདི་སྟོང་ཞེས་སྟོང་ཚུལ་བཤད་དུ་མེད་པས་དེ་འདྲའི་སྟོང་བ་དེ་མིང་ཙམ་ལས་དོན་བློས་བྱས་ཀྱི་སྟོང་བ་དང་ཁྱད་མེད་དུ་འགྱུར་བ་དང་།ཡང་དེ་འདྲའི་ཉི་ཚེ་བའི་སྟོང་བ་དེ་ཆོས་ཅན་ཕྱོགས་རེ་བའི་སྟོང་བ་ཡིན་པས་ཞེས་ངེས་ཚིག་བཤད་དུ་མེད་པར་འགྱུར་ཞེས་རྩོད་ཆོག་གོ ། དགོངས་ཟབ་སྣང་བའི་སྒྲོན་མེ་ལས། བོད་སྔ་མ་ཁ་ཅིག གཟུགས་བརྙན་རང་བཞིན་མེད་པ་ཉི་ཚེ་བའི་སྟོང་ཉིད་ཡིན་ཟེར། གཟུགས་བརྙན་རང་བཞིན་མེད་པ་ཆོས་ཅན། ཉི་ཚེ་བའི་སྟོང་ཉིད་ཡིན་མ་པར་ཐལ། ཁྱབ་པའི་སྟོང་ཉིད་ཡིན་པའི་ཕྱིར་ཏེ། ཆོས་གཅིག་རང་བཞིན་མེད་པར་རྟོགས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནུས་པར་གསུངས་པའི་སྟོང་ཉིད་ཡིན་པའི་ཕྱིར། ཞེས་བསྒྲུབས་པར་མངོན། ཞེས་གསུངས་པ་འདི་ནི། ལམ་རིམ་ཆེན་མོ་ལས། འདི་ལ་སྔ་མ་ཁ་ཅིག གཟུགས་བརྙན་ལ་སོགས་པ་རྣམས་ནི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་ཀྱང་འཕགས་པར་མི་འགྱུར་ཏེ། ཆོས་ཅན་ཉི་ཚེ་བའི་སྟོང་ཉིད་ཙམ་ཞིག་རྟོགས་པའི་ཕྱིར་རོ།། འཕགས་པར་འགྱུར་བ་ལ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་དགོས་པ་ཡིན་ནོ་ཞེས་སྨྲ་མོད་ཀྱང་། རིགས་པ་མ་ཡིན་ཏེ། བཞི་བརྒྱ་བ་ལས། དངོས་པོ་གཅིག་གི་ལྟ་བོ་གང་།། དེ་ནི་ཀུན་གྱི་ལྟ་བོར་བརྗོད།། གཅིག་གི་སྟོང་ཉིད་གང་ཡིན་པ།། དེ་ནི་ཀུན་གྱི་སྟོང་བ་ཡིན།། ཞེས་ཆོས་གཅིག་གི་རང་བཞིན་མེད་པའི་སྟོང་ཉིད་རྟོགས་པས་ཆོས་ཀུན་གྱི་སྟོང་ཉིད་རྟོགས་ནུས་པར་གསུངས་པའི་ཕྱིར་རོ།། ཞེས་གསུངས་པ་འདིས་འདི་ལ་ནས་སྨྲ་མོད་ཀྱང་བར་གྱིས་བོད་སྔ་མ་ཁ་ཅིག་གི་འདོད་པ་བཀོད་དེ་རིགས་པ་མ་ཡིན་ཏེ་ནས་གསུངས་པའི་ཕྱིར་རོ་བར་གྱིས་འདོད་པ་དེ་མི་འཐད་པར་དགོངས་ཟབ་སྣང་བའི་སྒྲོན་མེའི་ཚིག་དེ་དྲངས་མ་ཐག་པའི་དོན་ལྟར་བསྒྲུབས་པར་གསལ་བའི་དོན་ཡིན་ལ། འགྲེལ་ཚུལ་འདི་ནི་རྗེ་རྒྱལ་བ་གཉིས་པའི་དགོངས་ཚོད་ཀྱི་ལམ་རིམ་ཆེན་མོའི་དངོས་ཟིན་གྱི་དོན་ཡིན་པ་སྨོས་མ་དགོས་ཀྱང་ལུགས་བརྒྱ་ལྡན་གྱི་ཚུལ་གྱིས་འདི་ལྟར་ཡང་འགྲེལ་རུང་བར་མཐོང་སྟེ། དེ་ལ་ལམ་རིམ་ཆེན་མོའི་རིགས་པ་མ་ཡིན་ཏེ་ཞེས་པས་བོད་སྔ་མ་ཁ་ཅིག་འཕགས་པར་འགྱུར་བ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་དགོས་ཞེས་པ་མི་འཐད་དེ།འཕགས་པ་ཡིན་ན་ཡང་ཆོས་གཅིག་གི་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པས་མ་ཁྱབ་པའི་ཕྱིར་ཏེ།བཞི་བརྒྱ་བ་ལས། ཆོས་གཅིག་གི་རང་བཞིན་མེད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཆོས་ཀུན་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་ནུས་པར་གསུངས་པ་ལས་ཁྱབ་པར་མ་གསུངས་པའི་ཕྱིར་རོ།། ཞེས་དངོས་སུ་བཀག་ནས་དོན་གྱིས་གང་ཟག་དེས་གཟུགས་བརྙན་ལ་སོགས་པ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ཙམ་གྱིས་འཕགས་པར་གྱུར་ལ། དེ་དག་གི་སྟེང་གི་རང་བཞིན་མེད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཆོས་ཅན་ཉི་ཚེ་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ཞིག་མ་ཡིན་ཞིང་དེ་དག་གི་སྟེང་གི་རང་བཞིན་མེད་པའི་སྟོང་ཉིད་ཀྱང་ཆོས་ཅན་ཉི་ཚེ་བའི་སྟོང་ཉིད་ཙམ་ཞིག་མ་ཡིན་པ་བསྟན་ཅེས་འགྲེལ་རུང་ངོ་།།
           ཡང་དགོངས་ཟབ་སྣང་བའི་སྒྲོན་མེ་ལས། ཉི་ཚེ་བ་ཞེས་པ་ཕྱོགས་རེ་བའི་དོན་ཡིན་ཡང་། ཉི་ཚེ་བའི་སྟོང་ཉིད་ཅེས་པ་སྟོང་གཞི་ཉི་ཚེ་བའི་སྟེང་དུ་རྟོགས་པ་ལ་གོ་མི་རུང་།དགག་བྱ་ཕྲ་བ་ནས་མ་ཁེགས་པར་ཕྱོགས་རེ་བ་ཙམ་ཁེགས་པ་ལ་གོ་དགོས། ཞེས་གསུངས་པ་ནི། སྤྱིར་ཉི་ཚེ་བ་ཞེས་པ་ཆོས་ཅན་ཉི་ཚེ་བ་ལ་གོ་བའི་སྐབས་གཏན་ནས་མེད་པར་དགག་བྱ་ཕྱོགས་རེ་བ་ཁོ་ནར་གོ་བའི་དོན་མིན་པར་གཟུགས་བརྙན་ལ་སོགས་པ་རང་བཞིན་མེད་པ་ཉི་ཚེ་བའི་སྟོང་ཉིད་ཡིན་མིན་རྩོད་པའི་སྐབས་ཀྱི་ཉི་ཚེ་བའི་དོན་ལ་དགོངས་པ་ཡིན་པ་སྔོན་མེད་བསྟན་བཅོས་དེ་ཉིད་ལས། སྟོང་གཞི་ཉི་ཚེ་བའི་སྟེང་དུ་རྟོགས་པ་ལ་གོ་མི་རུང་ཞེས་པས་འགྲུབ་ཅིང་། དེ་ལྟར་མ་ཡིན་པར་སྤྱིར་ཉི་ཚེ་བ་ཞེས་པ་ཆོས་ཅན་ཉི་ཚེ་བ་ལ་གོ་བའི་སྐབས་གཏན་ནས་མེད་ན་ལམ་རིམ་ཆེན་མོ་ལས་སྔ་མ་ཁ་ཅིག་ཞིབ་མོ་རྣམ་འཐག་གིས་འགོག་པའི་སྐབས་འདིར་ཆོས་ཅན་ཉི་ཚེ་བ་ཞེས་པའི་དོན་མ་ཟད་ཐ་སྙད་ཀྱང་འགོག་དགོས་པ་ལས་མ་བཀག་པའི་ཕྱིར་རོ།། 
          ཡང་དགོངས་ཟབ་སྣང་བའི་སྒྲོན་མེར་ཁྱབ་པའི་སྟོང་ཉིད་ཅེས་པ་ཉི་ཚེ་བའི་སྟོང་ཉིད་ཅེས་པའི་ཟླས་དྲངས་ཏེ་གསུངས་པ་ཡིན་ལ་དེ་ལྟ་ན་ཉི་ཚེ་བའི་སྟོང་བ་ཞེས་པའི་ཟླས་དྲངས་ཏེ་ཁྱབ་པའི་སྟོང་བ་ཞེས་ཀྱང་ཐ་སྙད་བརྗོད་སྲིད་པར་སེམས། འོན་ཀྱང་ཁྱབ་པའི་སྟོང་ཉིད་དང་ཉི་ཚེ་བའི་སྟོང་ཉིད་ཁྱབ་པའི་སྟོང་བ་ཞེས་པ་རྣམས་ཀྱི་དོན་དང་ཐ་སྙད་འཐད་མིན་རྟོག་གེ་བ་རྣམས་ཀྱིས་དཔྱད་དགོས་པར་མ་ཟད་འདི་དག་གི་དོན་དང་ཐ་སྙད་ཀྱི་ཁུངས་ལྟ་བའི་ལེགས་བཤད་ཆེན་པོ་རྣམས་སུ་ཇི་ལྟར་ཡོད་མེད་ཀྱང་རྩད་གཅོད་དགོས་ལ། སྤྲུལ་རྨོངས་ཁོ་བོའི་རྣམ་པར་རྟོག་པར་ཤར་ཚོད་ལྟར་ན་དགོངས་ཟབ་སྣང་བའི་སྒྲོན་མེར་ཁྱབ་པའི་སྟོང་ཉིད་དང་ཉི་ཚེ་བའི་སྟོང་ཉིད་ཅེས་གསུངས་པ་སྔ་མ་ཁ་ཅིག་གི་ཆོས་སྐད་ལ་ཐོབ་ཚོད་ཀྱི་དབང་དུ་བྱས་ཤིང་ལམ་རིམ་ཆེན་མོར་ཆོས་ཅན་ཉི་ཚེ་བའི་སྟོང་ཉིད་ཅེས་གསུངས་པ་སྔ་མ་ཁ་ཅིག་གི་འདོད་པ་བརྗོད་པ་ཙམ་ཡིན་པ་ལས་རྗེ་ཉིད་ཀྱི་བཀའ་སྲོལ་གྱི་ཐ་སྙད་ཐུན་མོང་མ་ཡིན་པ་ཞིག་མིན་པར་འཁུམས་སོ།།
          དེས་ན་སྔར་ཡོད་ཆོས་སྐད་ཀྱིས་མ་འདང་ན་ཅི་བྱ་དེ་མིན་བདག་དང་བདག་འདྲ་བ་དག་གིས་རྗེ་རིན་པོ་ཆེ་དང་ཞྭ་དམར་པཎྜི་ཏའི་གསུང་གི་དགོངས་པ་དང་དགོས་པ་མ་རྟོགས་པར་གྱ་ཚོམ་གྱིས་ཆོས་སྐད་གསར་བཟོར་འཛེམ་དགོས་པ་དང་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་སྐད་ཕུན་སུམ་ཚོགས་པ་རྣམས་ནང་བྱན་ཆུད་དེ་བརྟག་དཔྱད་དང་སྐབས་བསྟུན་གྱིས་བེད་སྤྱོད་པ་གལ་ཆེའོ།། སྤྱིར་འཕགས་ཡུལ་གྱི་རང་སྡེའི་གྲུབ་མཐའ་སྨྲ་བ་གོང་འོག་ཀུན་ལ་རང་རང་གི་ལུགས་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་དང་རྟོག་པས་བཏགས་ཙམ་གྱི་གཅད་བྱ་ངོས་འཛིན་ཚུལ་མི་འདྲ་བ་ཡོད་པ་ལྟར། བློས་བྱས་ཀྱི་སྟོང་བ་དང་ཉི་ཚེ་བའི་སྟོང་བ་འཇོག་ཚུལ་ཡང་རིགས་པས་བརྟགས་ཏེ་དེ་དག་གི་ལུགས་ལ་མི་འདྲ་བ་བཞག་ཆོག་པར་སྣང་། འདིས་མཚོན་ཏེ་རང་ཡུལ་གངས་ཅན་པའི་ནང་བའི་ཆོས་བརྒྱུད་རྣམས་ཀྱི་ལུགས་ལ་ཡང་སྟོང་བ་དེ་གཉིས་འཇོག་ཚུལ་མི་འདྲ་བ་ཡོད་ངེས་ཀྱང་འདིར་ནི་དཔལ་ལྡན་ཐལ་འགྱུར་བའི་རིང་ལུགས་འཇམ་མགོན་ཙོང་ཁ་བ་རྗེས་འབྲང་དང་བཅས་པས་བཀྲལ་བ་གཞིར་བྱས་ཀྱིས་ངེས་དོན་བཤེས་གཉེན་གང་ལ་ཐུགས་ཕན་བྱུང་མིན་ཇི་ལྟར་ཡང་བཀའ་ལན་གྱི་སྟངས་ཀ་ཙམ་བྱས་པ་ལགས་སོ།།
          ཞེས་བྱང་རྩེ་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུས་རྩོམ་སྒྲིག་ལས་ཞོར་དུ་ཕྱི་ལོ་༢༠༡༥ཟླ་༤བའི་ཚེས་༩ལ་བྲིས་པའོ།།


 

བརྒྱུད་འགོད།