ཨ་རིག་གླེན་པའི་གཏམ་རྒྱུད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-01-13 23:10:24     རྩོམ་པ་པོ།   ཞོ་བཟང་དགེ་འདུན་ཚུལ་ཁྲིམས།    ཀློག་ཐེངས།  

གནའ་དེང་མར་ཨ་རིག་གི་མེས་པོ་རྣམས་ནི་རང་གཤིས་འཇམ་ཞིང་གཡོ་སྒྱུ་མེད་པ།དད་པ་བརྟན་ཅིང་ཆོས་ལ་གཞོལ་བ་སོགས་ཡ་རབས་ཀྱི་ཡོན་ཏན་མཐའ་དག་ལྡན་པའི་མི་རབས་ཤིག་ཡིན་ལ།ཨ་རིག་ཅེས་པའི་མིང་དེ་བོད་ཁམས་སོ་སོར་ཁྱབ་པར་མ་ཟད།མི་གཤིས་ཀྱི་ཐད་ནས་ཀྱང་ཁ་དཔེ་ལ།གཏམ་དྲང་བོ་དགོས་ན་ཨ་རིག་མི་ལ་དྲིས།།ཤིང་འཁྱོག་པོ་དགོས་ན་རྡོ་རྫོང་ནགས་སུ་ཆས།།ཞེས་དང་། མནའ་ཤག་པོ་ཨ་རིག་ཡུལ་ནས་ཚོལ།།དོན་འགངས་ཆེན་ཐུག་སྐབས་སྤུན་དང་འདྲ།།ཞེས་པའི་བཤད་རྒྱུན་ཡོད་ལ།ཨ་རིག་གླེན་པའི་གཏམ་རྒྱུད་དག་གི་ནང་དུའང་ཨ་རིག་གི་མི་ནི་ཆོས་ལ་དད་ཅིང་གཏན་ཚིགས་ལྡན་པས་ཆོས་མགོ་ཐོན་པའི་ལོ་རྒྱུས་བསྟན་ཡོད།ཡང་རེ་འགའི་ནང་དུ་ཨ་རིག་གླེན་པས་བླུན་རྟགས་ཙམ་བསྟན་པ་ལས་མཆོག་གསུམ་ལ་འགྱུར་བ་མེད་པའི་དད་པ་ཡོད་པ་དང་དགོད་བྲོ་བ།གཤིས་རྒྱུད་དྲང་བའི་མཚོན་དོན་སོགས་ཧ་ལམ་མེད་པས་བླུན་པོ་ཞིག་ཡིན་རུང་རྣར་མི་འགྲོ་བ་སྐོར་ཞིག་གཏམ་རྒྱུད་ནང་དུ་མ་བཞག་པར་དོར་བ་ཡིན་མོད་འདིར་ཆ་ཚང་བར་བཀོད་ཡོད་དོ།།

རྒྱལ་བ་རིན་པོ་ཆེར་ཡི་གེ་བསྐུར་བ།

སྔོན་ཨ་རིག་གི་རྒན་པོ་འགས་རྒྱལ་བ་རིན་པོ་ཆེར་ཡི་གེ་ཞིག་བསྐུར་དགོས་པར་བསམ་སྟེ།ཁོ་ཚོའི་ནང་དུ་འཕྲིན་ཡིག་ལེགས་པོ་འབྲི་ཤེས་མཁན་ཞིག་མ་བྱུང་བས།ཁོ་ཚོས་ཡང་ཡང་གྲོས་བསྡུར་བྱས་མཐར།གཅིག་ན་རེ།འུ་ཚོས་ཡི་གེ་ཞིག་བསྐུར་མ་མྱོང་བས་ཇི་ལྟར་བྲིས་ནས་བསྐུར་རྒྱུ་ཡིན།ཞེས་དྲིས་པ་ན།གཅིག་གིས་འཕགས་པ་བརྒྱད་སྟོང་བར་གཅིག་བལྟས་ན་ཡི་གེ་ཞིག་འབྲི་སྲོལ་ཡོད་རྒྱུ་རེད།ཅེས་བཤད་པ་ན།ཡང་གཅིག་གིས།འོ་དེའི་རོ་ཆེ་བ་ཙམ་མ་གཏོགས་ངས་བལྟས་ན་དེའི་གསང་ན་ཅང་མེད་ཀི་བསམ་གི།དེར་བལྟས་ན་རྡོ་རྗེ་གཅོད་པ་དེ་འདྲེ་ལུ་ཞིག་ཡིན།དེའི་ནང་དུ་བལྟས་ན་བཟང་ཚུལ་སོགས་བཤད་པས།ཁོ་ཚོས་རྡོ་རྗེ་གཅོད་པའི་ནང་དུ་བལྟས་པར།བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་བ་ཞེས་པ་དེ་མཐོང་ནས།གཅིག་གིས་འོ་འདི་རེད་ཡ་ཟེར་བཞིན་འདི་ལྟར་བྲིས།ཨ་རིག་རྒན་པོ་རྣམས་ཀྱིས་རྒྱལ་བ་རིན་པོར་ཆེར་བཀའ་སྩལ་བ་ཞེས་པ་ནས་མགོ་བརྩམས་ཏེ་ཡི་གེ་ཞིག་བྲིས་ནས་བསྐུར་ཏོ།།

རོང་བྱམས་ཆེན་ལ་ལྷམ་བསྐོན་པ།

སྔོན་ཨ་རིག་པ་ཞིག་གཙང་ཕྱོགས་སུ་མཇལ་སྐོར་དུ་སོང་སྟེ་རོང་བྱམས་ཆེན་ལ་མཇལ་སྐབས།རོང་བྱམས་ཆེན་ཞབས་རྗེན་ཡིན་པ་མཐོང་སྟེ་ན་རེ།འདི་འདྲའི་གྲང་ངར་ཁྲོད་ཞབས་རྗེན་དུ་འདུག་ག་ལ་བཟོད།རྗེས་མར་ངས་ཁྱོད་ལ་ལྷམ་ཞིག་བཏབ་ནས་ཡོང་ཞེས་ཞབས་ཀྱི་ཆེ་ཆུང་ཞིག་ཚད་རྗེས།རྐང་རྒན་འདི་ལ་གཡག་ཀོ་གཅིག་གིས་ཀྱང་ཐུམ་དཀའ་བར་འདུག་ཟེར་བཞིན་ཨ་མདོར་ལོགལོ་དེའི་རྗེས་མ་ཞིག་ལ་ལྷམ་ཆ་གཅིག་བཏབ་སྟེ་བྱམས་མགོན་གྱི་མདུན་སར་ཕྱིན་ནས།རྐང་བ་ཡར་ཁྱོགས་དང་ལྷམ་གྱི་ཆེ་ཆུང་འེ་འགྲིག་གི་ལྟ་ཞེས་བཤད་པ་ན།བྱམས་མགོན་གྱིས་ཞབས་ཡར་ལ་བཀྱགས་ཏེ་ལྷམ་ཡ་གཅིག་བསྐོན།དེ་ནས་ཡང་ལྷམ་ཡ་གཞན་དེ་སྐོན་སྐབས་དཀོར་གཉེར་ནང་དུ་ཐོན་པས་སྐོན་མ་ཐུབ་པར་ལུས།ལྷམ་ཡ་གཅིག་བསྐོན་ཡོད་པ་དེ་ང་བརྒྱད་ཡར་སྔོན་བར་དུ་དངོས་སུ་མཇལ་རྒྱུ་ཡོད་ཟེར་རོ།།

ཤི་བོའི་མིང་ཡང་ཆུས་ཁུར་སོང་།

སྔོན་ཨ་རིག་གི་མི་བདུན་ལྷ་སར་མཇལ་སྐོར་དུ་སོང་།ལམ་བར་དུ་ཆུ་བོ་ཆེན་པོ་ཞིག་བརྒལ་ནས་ཕ་རོལ་ཏུ་ཐོན་རྗེས།ཁོ་ཚོ་མི་བདུན་པོ་བདེ་འཚམས་ཡིན་མིན་གྱི་རྩིས་ཤིག་བླངས་པ་ན།རྩི་མཁན་གྱིས་རང་ཉིད་མ་བརྩིས་པར་མི་དྲུག་ལས་མེད་ཀི་ཅེས་བཤད།མི་དྲུག་པོས་ཀྱང་དེ་ལྟར་རྩིས་བླངས་པས།ཁོ་ཚོས་མི་གཅིག་ཆུས་ཁུར་སོང་བར་སྙམ་ན་མྱ་ངན་ཆེན་པོ་བྱེད་བཞིན་ལྷ་སར་འབྱོར།ལྷ་སར་འབྱོར་རྗེས་ཐོག་མའི་བྱ་བ་ནི་ཤི་བོའི་དགེ་རྩ་ཡིན་པར་གྲོས་ཁ་བྱས་སྟེ།རྒྱལ་བ་རིན་པོ་ཆེར་མཇལ་དུ་སོང་ནས།ང་ཚོ་མི་བདུན་ལྷ་སར་མཇལ་སྐོར་དུ་ཡོང་བའི་ལམ་ཁར་མི་གཅིག་ཆུས་ཁུར་སོང་བས་ཁྱེད་ཚང་གིས་བསྔོ་སྨོན་རེ་གསུང་རྒྱུ་མཁྱེན་ཞེས་ཞུས་པར།གོང་ས་མཆོག་གིས་ཚེ་འདས་ཀྱི་མིང་ལ་ཅི་ཟེར་ཅེས་དྲིས་པ་ན།ཁོ་ཚོས་མི་སུ་མེད་པ་མ་ཤེས་པར།གཅིག་གིས་མྱུར་ཏུ་ཤི་བོའི་མིང་ཡང་ཆུས་ཁུར་སོང་བ་རེད་ཅེས་བཤད།གོང་ས་མཆོག་གིས་ཁྱོད་ཚོའི་ཕོར་བ་རྣམས་མདུན་ཅོག་སྟེང་ལ་བཞག་ནས་ཚང་མས་ཚང་རྩིས་ཤིག་ལོངས་གསུངས་པར།ཁོ་ཚོས་དེ་བཞིན་བྱས་པས་ཕོར་བ་བདུན་ཡོད་པ་དང་།དེ་ནས་རང་རང་གིས་ཕོར་བ་ལེན་དུ་བཅུག་པས་མི་བདུན་པོ་ཚང་བ་ད་གཟོད་ཤེས།ཁོ་ཚོས་རྒྱལ་བ་རིན་པོ་ཆེའི་བྱིན་རླབས་ཀྱིས་ཤི་བོ་ཕྱིར་ཐོན་སོང་བ་རེད་ཅེས་ཟེར་བཞིན་བུད་སོང་ངོ་།།

ལྷ་ཁང་གི་ཐོག་སོར་མཇལ་བ།

སྔོན་ཨ་རིག་གི་རྒན་པོ་གཉིས་ལྷ་སར་མཇལ་སྐོར་དུ་སོང་ནས་ལྷ་ཁང་ཆུང་བ་ཐོག་བརྩེགས་ཅན་ཞིག་ཏུ་མཇལ་བར་འགྲོ་དགོས་བྱུང་ཚེ།འགྲོ་མ་ཤེས་པར་འདུག་སྐབས།བྱི་ལ་ཞིག་སྐས་ཐེམ་བརྒྱུད་ནས་ཐོག་ཁང་དུ་འགྲོ་བ་མཐོང་།ཁོ་གཉིས་ཀྱིས་ཀྱང་བྱི་ལའི་ལད་མོ་བྱས་ཏེ་རྐང་ལག་བཞི་བོ་སར་བཙུགས་ཏེ་ཐོག་ཁང་ནང་དུ་སོང་།མཇལ་ཚར་རྗེས་ཕྱིར་ཇི་ལྟར་ཡོང་དགོས་པའང་མ་ཤེས་པར་འདུག་སྐབས།བྱི་ལ་ཐེམ་སྐས་སྟེང་ནས་མར་ལྡིང་གི་ལྡིང་གི་སོང་བ་ན།མཇལ་བ་གཅིག་གིས་བྱི་ལའི་ལད་མོ་བྱས་ཏེ་མར་ལྡིང་གི་ལྡིང་གི་འགྲོ་རྩིས་བྱས་པ་ན།ཤུད་ནས་སྐས་རྟིང་བར་ཐོན་པ་ན།གཞན་དེས་ཨ་རོགས་ཇི་འདྲ་རེད་ཅེས་དྲིས་པ་ན།འོ་མྱུར་མོ་ཞིག་ཀྱང་རེད་ལ། རྩུབ་མོ་ཞིག་ཀྱང་རེད་གོ་ཞེས་བཤད་དོ།།

ལྷ་ལྟོ་རྐྱལ་ཞིག

སྔོན་ཨ་རིག་རྒན་པོ་ཞིག་ལྷ་སར་མཇལ་དུ་སོང་ནས་ཇོ་བོའི་མདུན་གྱི་མར་མེ་ཚེ་འབར་ནང་དུ་མར་ཁུ་ཅུང་ཙམ་རེ་བླུགས་ནས།ཇོ་བོས་ཆོག་གི་ཨེ་གསུངས་པར་སྙམ་ནས་ལྷ་སྐུའི་ཞལ་ལ་བལྟས་ཏེ་ཅུང་བསྡད་ཀྱང་ཇོ་བོས་གསུང་མ་འབྱོན།དེ་ལྟར་ཡང་དང་ཡང་དུ་བླུགས་པས་ཇོ་བོ་རིན་པོ་ཆེ་འཛུམ་བཞིན་ད་ཆོག་གི་ཞེས་གསུངས་པ་ན།རྒན་པོས་འོ་ཇི་འདྲའི་ལྷ་ལྟོ་རྐྱལ་ཞིགད་མི་ཆོག་རུང་མར་ཁུ་ཚར་འདུག་ཅེས་བཤད་བཞིན་བུད་སོང་ངོ་།།

བྱམས་པ་གསུང་འབྱོན་མ།

སྔོན་ཨ་རིག་གི་རྒན་པོ་གཉིས་ལྷ་སར་མཇལ་སྐོར་དུ་སོང་ནས་བྱམས་ཆེན་ཐོག་ཚད་གསུམ་ཅན་ཞིག་གི་དབུའི་ཐད་དུ་སླེབས་པ་ན།དྲ་མའི་ནང་དུ་མགོ་གཟུར་ནས་བཏང་སྟེ་ནང་གི་བྱམས་སྐུའི་ཞལ་རས་ལ་མཐོང་མཇལ་ཞིག་བྱས་རྗེས།མགོ་དྲང་མོར་དྲ་མ་ལས་ཕྱིར་འཐེན་པས་དྲ་མ་ལས་ལེན་མ་ཐུབ།དེ་ལྟར་ཡང་ཡང་འཐེན་ཀྱང་ལེན་མ་ཐུབ།གྲོགས་པོས་རྐང་བ་ནས་བཟུང་སྟེ་ཡང་ཡང་འཐེན་རུང་ལེན་མ་ཐུབ་པས།ཁོ་ཐབས་ཟད་དེ་འགྲོ་གྲོགས་ལ།འུ་གཉིས་འདིར་བསྡད་པས་ཀྱང་དགོས་པ་མེད་ཀིཁྱོད་ཡུལ་ལ་སོང་།ངའི་ཡུལ་མི་ཚོར་ང་རྒན་པོ་འཆི་ས་བཟང་གིརྗེ་བཙུན་བྱམས་པའི་ཞལ་ལ་བལྟས་ནས་འཆི་ཐུབ།འཆི་སྲོལ་ངན་གིམུ་གེ་བྱུང་ནས་འཆི་བ་ལས་གཞན་མེད་ཅེས་སྐད་འདི་ཤོད་ཅེས་བཤད་པ་ན།བྱམས་སྐུས་ཞལ་ནས།ཁྱེད་ཀྱིས་དང་པོ་མགོ་ཇི་ལྟར་ནང་དུ་བཅུག་པ་ཡིན་ཞེས་གསུངས་པ་ན།ཁོས་ཤུགས་ཀྱིས་སྔོན་བཞིན་འདི་ལྟར་བཅུག་ཅེས་སྔར་བཞིན་བྱས་པ་ན་མགོ་ཕྱིར་ལོན་སོང་བས་ཕྱིས་སུ་བྱམས་སྐུ་དེར་བྱམས་པ་གསུང་འབྱོན་མ་ཞེས་གྲགས་སོ།།

རྟ་ནག་པོའི་ཁོག་ཏུ་ཅི་ཡང་མི་འདུག

སྔོན་ཨ་རིག་སྨད་མ་མཚོ་སྔོན་པོའི་སར་བསྡད་ཡོད་སྐབས་སུ།རྡོ་གྲུབ་ཆེན་གྱིས།མཚོ་སྔོན་པོའི་མཐའ་ཡི་ཨ་རིག་ཚོ།།རྟ་ནག་པོའི་ཁོག་ཏུ་ཡང་ཡང་ལྟོས།།ཞེས་པའི་ལུང་བསྟན་ཞིག་འབྱོར།དོན་དུ་རྟ་ནག་མའི་ཕྱོགས་ཀྱི་དགྲ་ཇག་ལ་དོགས་ཟོན་བྱོས་ཟེར་བ་ཡིན་མོད།འོན་ཀྱང་ཨ་རིག་རྒན་པོ་ཞིག་གིས་ཁོ་ཚང་ལ་རྟ་ནག་ཅིག་ཡོད་པ་དེ་བཤས་ནས་ཁོག་ཏུ་ཡང་ཡང་བལྟས་རྗེས།ཨ་ཧ་བོ་བླ་མའི་གསུང་འཁྲུལ་བ་མིན་ཚེ་ངའི་མིག་འཁྲུལ་བ་ཡིན་འདུགརྟ་ནག་པོའི་ཁོག་ཏུ་ཅི་ཡང་མི་འདུག་ཅེས་བཤད་དོ།།

ཞོ་འཐུངས་ནས་ཤི་བ།

སྔོན་ཨ་རིག་གི་རྒན་པོ་གཉིས་ཀྱིས་གཏམ་གླེང་བྱེད་སྐབས་གཅིག་གིས་བཤད་རྒྱུར།ངས་དགུང་མོར་ཉལ་སྐབས་ཞོ་མཛུབ་རྩེབཞོ་མང་པོ་འཐུང་ནས་མིད་པའི་ཁར་ཐོན་ནས་མཛུབ་མོས་རེག་ཐུབ་པ་ཞིག་གི་དོན།ཅིག་འཐུང་མྱོང་ཟེར།ཅིག་ཤོས་ན་རེ།ང་ལ་འབྲི་བརྒྱ་ཡོད་ཀྱང་ད་བར་དུ་ཞོ་མཛུབ་རྩེབ་ཅིག་འཐུང་མ་མྱོང་ཟེར་ནས་མཚམས་མ་བྱས་པར་ཞོ་འཐུང་བས་གཉིས་ཀ་ཚེ་འཕོས་སོ།།

ཁྱེད་ཀྱང་རྐུན་མའི་ཁྲོད་དུ་ཡོད་དམ།

སྔོན་ཨ་རིག་གི་རྒན་པོ་ཞིག་གིས་དཀའ་ཚེགས་གང་མང་བརྒྱུད་དེ་གསེར་ཅུང་ཟད་བསགས་ནས་ཇོ་བོར་གསེར་ཞལ་འབུལ་དགོས་བསམ་སྟེ་ལྷ་སར་སོང་།ལམ་བར་དུ་ཇག་པར་ཐུག་སྟེ་འཕྲོག་རྩིས་བྱས་པ་ན།ཁོ་ན་རེ།ཁྱོད་ཚོར་སྟེར་བ་ལས་ཆུའི་དཀྱིལ་དུ་འཕངས་ན་བཟང་ཟེར་ནས་ཆུའི་དཀྱིལ་དུ་གཡུགས།ཁོ་རང་ཇོ་བོའི་མདུན་དུ་སོང་ནས་ཞུ་རྒྱུར།ངས་ཁྱེད་ལ་གསེར་ཅུང་ཟད་ཅིག་ཁྱེར་ཡོང་བ་ལམ་ཁར་ཇག་པས་འཕྲོགས་སོང་ཞེས་ཞུས་པར།ཇོ་བོས་གསུང་འབྱོན་ཏེ།གསེར་དེ་ང་ལ་འཕྲོད་སོང་ཞེས་གསུངས་པ་ན།ཁོས་ཇོ་བོ་རིན་པོ་ཆེ་ལགས་ཁྱེད་ཚང་ཡང་རྐུན་མའི་ཁྲོད་དུ་ཡོད་དམ་ཞེས་བཤད་ནས་གཤེ་གཤེ་མང་དུ་བཏང་ནས་བུད་སོང་ངོ་།།

༡༠ ཡུམ་གསེར་བྲིས་མས་མཁྱེན།

སྔོན་ཨ་རིག་དང་མགོ་ལོག་མ་མཐུན་པར་གཡུལ་བཤམས་སྐབས་སུ་ཨ་རིག་གི་ཁྱིམ་ཚང་ཞིག་ལ་ཡུམ་གསེར་བྲིས་མ་ཞིག་ཡོད།ཁོ་ཚང་ཡང་བྲོས་བཤོལ་དུ་འགྲོ་དགོས་བྱུང་བར།གར་འགྲོ་རྒྱལ་བའི་ཡུམ་གསེར་བྲིས་མས་མཁྱེན་ཟེར་ནས་ཡུམ་གསེར་བྲིས་མ་ཞིག་ཡོད་པ་དེ་མཛོ་རྒན་ཞིག་ཡོད་པ་ལ་བཀལ་ནས་མཛོ་རྒན་གར་འགྲོའི་རྗེས་དེད་ནས་ཉིན་གང་བོར་སོང་སོང་བའི་མཐར།མཛོ་རྒན་སྔར་གྱི་རུ་བཀལ་ཤུལ་དུ་ཐོན་པའི་ཚེ།འོ་ད་དུང་ཨ་ཕའི་ཉལ་ས་སྔར་བཞིན་འདུགཨ་མའི་ཉལ་ས་སྔར་བཞིན་འདུགཆུ་རྐའི་ནང་དུ་ཆུས་ཝ་ཤུལ་འཐེན་བཞིན་འདུགཡུམ་གསེར་བྲིས་མ་ནི་འཆུག་ག་ལ་སྲིད།རུ་འདི་ལ་མི་འབབ་གང་ལ་འབབ་ཟེར་བཞིན་སྔར་གྱི་ཤུལ་དེར་བསྡད་པ་ན།མགོ་ལོག་གིས་དམག་ཐོན་ནས་གཞན་ལ་བདའ་རྩིས་བྱས་ཚེ།ཁྱིམ་ཚང་དེས་ས་འདི་དཀོན་མཆོག་གསུམ་པོས་ངེད་ཚང་ལ་གནང་བ་ཡིན་ཞེས་བཤད།རྒྱུ་མཚན་དྲིས་པར་ཡུམ་གསེར་བྲིས་མ་མཛོ་ལ་བཀལ་ནས་སོང་ཚུལ་བརྗོད་པས་ཁོ་ཚོ་འང་ངོ་མཚར་དུ་གྱུར་ནས་གནས་དེ་རུ་འདུག་ཏུ་བཅུག་པ་ད་ལྟ་འང་མགོ་ལོག་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་རུ་ཡོད་དོ།།

༡༡ འུར་ཆ་ལས་ཇོ་བོར་གསེར་བསྐུར་བ།

སྔོན་ཨ་རིག་གི་བཟའ་མི་གཉིས་ཡོད་པ་ལ་ཁོ་གཉིས་ཀྱིས་དཀའ་སྡུག་མང་པོ་མྱངས་ཏེ་གསེར་ཉུང་ཙམ་རྙེད་ཅིང་།ལོ་རྗེས་མར་ལྷ་སའི་ཇོ་བོར་ཞལ་གསེར་འབུལ་རྩིས་བྱས་མོད།འགལ་རྐྱེན་གང་རུང་གི་དབང་གིས་འགྲོ་མ་ཐུབ་པས།དད་པ་བརྟན་པོའི་ངང་གསེར་སྣེ་ལོནོར་ལུག་གི་སྙིང་ཐུམ་ཕུར་མཉེད་བཏང་ནས་སྣོད་བཟོས་པ་ཞིགགང་ཡོད་པ་ཚང་མ་འུར་ཆའི་མཐིལ་ལ་བཞག་སྟེ་ལྷ་སའི་ཕྱོགས་སུ་འཕངས།ཕྱི་ལོ་ཁོ་བཟའ་མི་གཉིས་ལྷ་སར་འབྱོར་ནས་ཇོ་བོརབཤད་ཚུལ་གཞན་ཞིག་ལ་རྒྱལ་བ་རིན་པོ་ཆེ་ཟེར།མཇལ་སྐབས།ཁོ་ན་རེ།ན་ནིང་ཁྱེད་ལ་གསེར་སྣེ་ལོ་གང་བསྐུར་བ་འཕྲོད་དམ་ཞེས་དྲིས་པར།ཇོ་བོའི་ཞལ་ནས་འཕྲོད་འདུག་གསུངས་ནས་གསེར་སྣོད་སྣེ་ལོ་དེ་ཕྱིར་སྤྲད་དོ།།

༡༢ ལག་རྟེན་གྱིས་ལྷ་སྐུར་གཞུས་པ།

སྔོན་ཨ་རིག་གི་རྒན་པོ་ཞིག་ལྷ་སར་མཇལ་དུ་སོང་།ཁོ་ལྷ་ཁང་ནང་དུ་འགྲོ་སྐབས་ལག་རྟེན་ལ་ཁེན་ནས་སོང་ཞིང་།མཆོད་མཇལ་བྱེད་སྐབས་ལག་རྟེན་འཕྲེད་དུ་སྐེད་ལ་དྲངས།ཕྱིར་འབུད་དུས་ལག་རྟེན་སྒོར་ཐོགས་ནས་ཐར་མ་ཐུབ་པས།ཁོས་གཡོན་ཕྱོགས་སུ་ཡོད་པའི་ལྷ་སྐུ་དེར་ཁྱོད་ཀྱིས་ང་འགྲོ་རུ་ཆུགས་ཞེས་བཤད་ཞོར་ཡང་ཡང་འཐེན་མོད་འགྲོ་མ་ཐུབ།ཁོ་རང་ཐབས་ཟད་དེ་སྐག་གི་བེར་ག་བླངས་ནས་ད་དུང་འགྲོ་རུ་མི་འཇུག་ན་དབྱུག་པས་གཞུ་དགོས་པ་འེ་རེད་ཟེར་བཞིན་ལག་རྟེན་གྱིས་གྲབས་པས།ལྷ་སྐུ་དེས་ཨ་ཚ་ཞེས་ཕྱག་གིས་དབུ་བསྐྱོར།དེ་ནས་སྐུ་དེར་ཇོ་བོ་ཨ་ཚ་མ་ཞེས་ཐོགས་སོ།།

༡༣ སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ།

སྔོན་ཨ་རིག་རྒན་པོ་ཞིག་གིས་བྲག་དཀར་སྤྲེལ་རྫོང་དུ་ལོ་ཟླ་མང་པོར་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕྱག་འཚལ་བས།ཕྱག་འཚལ་ས་ཡང་ཟད་དེ་དོང་དུ་བབས།སྐབས་དེར་མདུན་གྱི་བྲག་ངོས་སུ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་གཟིགས་ཏེ་བྱང་ཕྱོགས་ཤམྦྷ་ལར་ལམ་སྟོན་མཛད།ཨ་རིག་རྒན་པོའི་ཕྱག་དོང་དང་།སྤྱན་རས་གཟིགས་ཀྱི་སྐུ་རང་བྱོན་དེ་ད་ལྟའང་མཇལ་དུ་ཡོད་དོ།།

༡༤ གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས།

སྔོན་ཨ་རིག་རྒན་པོ་ཞིག་རོང་ཕྱོགས་ཀྱི་ཁྱིམ་ཚང་ཞིག་ཏུ་སོང་བ་ན།ཁྱིམ་ཚང་དེ་བ་ཚང་གིས་འབྲས་བཙོས་ནས་ཁོ་ལ་བྱིན་པ་ན།ཁོས་ཡུད་ཙམ་ལ་བལྟས་རྗེས།འབྲས་མ་ཟོས་པར་བསྡད།ཁྱིམ་བདག་གིས་ཨ་ཁུ་འབྲོག་པ་འབྲས་སིལ་དེ་ཟོ་དང་།ཞེས་བཤད་པ་ན།ང་ཨ་རིག་གླེན་པ་བརྒྱ་ཡིན་རུང་གྲོག་མའི་ཕྲུ་གུ་ཟ་མི་ཉན་པ་ལོས་ཤེས་ཟེར་བཞིན་ཕྱིར་བུད་སོང་ངོ་།།

༡༥ རྒྱལ་བ་རིན་པོ་ཆེར་གསེར་ཕུལ་བ།

སྔོན་ཨ་རིག་གི་རྒན་པོ་གླེན་པ་དད་ཅན་ཞིག་དབུས་སུ་སོང་དུས་གསེར་ཁུག་མ་གང་དང་སྡེར་མ་གཅིག་བཅས་ཁྱེར་ནས་སོང་།རྒྱལ་བའི་སྐུ་ཚེ་ཞིག་གི་མདུན་དུ་སོང་ནས་སྡེར་མའི་ནང་དུ་གསེར་ཅུང་ཙམ་རེ་བླུགས་ནས་ད་ཆོག་གི་ཨེ་གསུང་སྙམ་ནས་ཞལ་ངོར་བལྟས།མ་གསུངས་ཚེ་ཡང་ཅུང་ཙམ་རེ་བླུགས་ནས་ཞལ་ངོར་བལྟས།ཡང་ཅིག་བླུགས་ནས་རྒྱལ་བའི་ཞལ་ལ་བལྟས་ཚེ།རྒྱལ་བས་ཅི་ཡིན་དགོངས་ནས་ཞལ་གཅིག་འཛུམ་ཚེ།འོ་ད་དགའ་ཡོད་གི་ཟེར་བཞིན་ཡར་དྲངས།རྗེས་མར་ང་འཆི་དུས་སུ་ཁྱེད་ཚང་གིས་མཁྱེན་ཟེར་ནས་སྐྱབས་འཇུག་ཞུས་པས།དེའི་ལན་དུ་རྒྱལ་བས་ཡ་ཡ་གསུངས།ཕྱི་ནས་རྒད་པོར་འཆི་ནད་ཀྱིས་ཐེབས་ཚེ།གཉིད་མ་གཉིད་ཀྱི་མཚམས་དང་རྨི་ལམ་དུ་རྒྱལ་བ་རིན་པོ་ཆེ་ཡིན་ཟེར་བའི་སྐུ་མདོག་དུང་ལྟར་དཀར་བ་་རིན་པོ་ཆེའི་རྒྱན་ཅན།སྐུ་ལས་འོད་ཟེར་དཀར་པོ་འདོམ་གང་ཙམ་འཕྲོ་བའི་མཐར་འཇའ་ཚོན་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་ནས་འོད་འཁྱིལ་ལེ་བ་ཞིག་དྲུང་དུ་འབྲལ་མེད་དུ་བཞུགས་ནས།ཞལ་རས་ལ་འཛུམ་མདངས་རྒྱས་བཞིན་རྒད་པོ་འཆི་བ་ལ་འཇིགས་མི་དགོས།ཁྱོད་རང་ཚེ་འཕོས་མ་ཐག་ཏུ་ངེད་གཉིས་བདེ་བ་ཅན་དུ་འགྲོ་བ་ཡིན་གསུངས་པའི་དག་སྣང་བྱུང་།མནར་གཅོད་ཀྱི་སྡུག་བསྔལ་ཅི་ཡང་མེད་པར་རྒད་པོ་ཤི་སོང་སྐད་དོ།།

༡༦ ཇོ་བོར་རྩམ་ཁུག་བཅོལ་བ།

སྔོན་ཨ་རིག་རྒན་པོ་ཞིག་དབུས་མཇལ་ལ་སོང་ནས་ཇོ་བོ་རིན་པོ་ཆེར་མཇལ་ནས་འགྲོ་སྐབས་རྩམ་ཁུག་ཅིག་ཡོད་པ་སྐུ་མདུན་ལ་བཞག་ནས།ཇོ་བོ་རིན་པོ་ཆེ་ལགས་རྩམ་ཁུག་འདི་ཅུང་ཁུར་ལྗིད་པས་ཁྱེད་ལ་བཅོལ་བ་ཡིན།ཉིན་འགའི་རྗེས་ནས་ང་ལེན་གི་ཡོང་ཆོག་ཅེས་བཤད་ནས་བུད་སོང་།ཉིན་འགའི་རྗེས་ནས་ཡོང་དུས་རྐུན་མས་རྩམ་ཁུག་བརྐུས་སོང་བ་ལ།ཨ་རིག་རྒན་པོས་ཇོ་བོ་རིན་པོ་ཆེ་ལགས།ངེད་ཀྱི་རྩམ་ཁུག་གང་དུ་བཞག་ཡོད་ཅེས་དྲིས་པ་ན།ཇོ་བོས་ཅི་ཡང་མ་གསུངས།ཡང་བསྐྱར་ལན་འགའ་དྲིས་པ་ན།ཇོ་བོ་ཞལ་འཛུམ་ཤིག་ཤོར་བ་ན།རྒན་པོས།འོ་རྐུན་མ་ཁྱེད་ཀྱིས་ཟོས་བཞེས་སོང་བ་རེད་དམ་ཟེར་བཞིན་བུད་སོང་ངོ་།།

༡༧ ནག་རིས་པོ་དེ་ནི་ན་ཞིག་ཡིན།

སྔོན་ཨ་རིག་རྒན་པོ་ཞིག་གིས་འཕགས་པ་ཐར་བ་ཆེན་པོའི་མདོའི་དཔེ་ཆ་ཞིག་འབྲི་སྐབས་ཡི་གེ་ན་ཞིག་གི་སྟེང་དུ་སྣག་ཚའི་ཐིགས་པ་ཞིག་ལྷུང་བས།ཁོས་འོག་གི་ཐིག་ཕྲེང་སྟེང་ལ་གོང་གི་ནག་རིས་བོ་དེ་ནི་ན་ཞིག་ཡིན་ཞེས་བྲིས་ནས་གསལ་བཤད་བྱས་སོ།།

༡༨ ཇོ་བོ་མི་འགྲོ་གསུང་འབྱོན།

སྔོན་ཨ་རིག་གླེན་པ་ཞིག་གི་ཕ་རྒན་ཚེ་ལས་འདས་པས་ཁོ་ལ་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་།ཕ་རྒན་གྱི་སྔས་མགོ་ནས་བུ་ཡིས་ཁས་བླངས་པ་ནི་འདི་ལྟ་སྟེ།ངས་ཡིན་གཅིག་མིན་གཉིས་ལྷ་སའི་ཇོ་བོ་འུ་ཚང་ལ་གདན་དྲངས་ཏེ་ཆོས་གསུང་དུ་འཇུག་རྒྱུ་ཡིན་ཞེས་བཤད།དེ་ནས་ཁོས་རྡོག་ཁྲེས་ཁུར་ནས་ལོ་ལམ་དང་ཟླ་ལམ་མང་པོ་བརྒྱུད་དེ་ལྷ་སར་སོང་།ཇོ་ཁང་ནས་ལོ་དགུ་ལ་པུས་མོ་སར་བཙུགས་ཏེ་ཇོ་བོ་གདན་འདྲེན་བྱས་པ་ན།ཇོ་བོའི་ཞལ་ནས་ང་མི་འགྲོ་ཞེས་གསུངས་པར་བརྟེན།དེ་ནས་བཟུང་སྟེ་ཇོ་བོ་དེ་ལ་ཇོ་བོ་མི་འགྲོ་གསུང་འབྱོན་མ་ཞེས་གྲགས་སོ།།

༡༩ གདུགས་དཀར།

སྔོན་ཨ་རིག་རྒན་པོ་ཞིག་གིས་ཕ་མེས་དག་གི་མདུན་ནས་གདུགས་དཀར་ཆ་ལེ་ཆོལ་ལེ་ཞིག་བློར་བཟུང་བ་དད་པ་བརྟན་པོས་ནམ་རྒྱུན་ཁ་བཏོན་དུ་བྱས།ཐེངས་ཤིག་ལྷ་སར་མཇལ་སྐོར་དུ་སོང་ནས་རྒྱལ་དབང་སྐུ་ཕྲེང་ཞིག་ལ་མཇལ་དུས།རྒྱལ་དབང་ཚང་གིས་རྒན་པོའི་མགོ་ན་གདུགས་དཀར་པོ་ཕྱེད་ཀ་ཅན་ཞིག་འཁོར་ནས་འགྲོ་བ་མཐོང་བས།ཨ་རིག་རྒན་པོས་ཁ་ཏོན་ཅི་བྱེད་ཀི་ཡོད་ཅེས་དྲིས་པ་ན།གདུགས་དཀར་མོ་ཅན་འདོན་གི་ཡོད་ཅེས་ཞུས།ཁྱོད་ཀྱིས་གཅིག་ཐོན་དང་གསུངས་པས།ཨ་རིག་རྒན་པོས་བཏོན་པ་ན།གདུགས་དཀར་ཕྱེད་ཀ་ཞིག་མ་གཏོགས་མེད་པས་ཁོང་གིས་གདུགས་དཀར་ཁ་ཚང་ཞིག་བཏོན་ན་ལྷག་ཏུ་བཟང་རྒྱུ་རེད་སྙམ་ནས་ཨ་རིག་རྒན་པོར་གདུགས་དཀར་ཁ་ཚང་ཞིག་བློར་འཛིན་དུ་བཅུག་པ་ན།གདུགས་དཀར་པོ་ཕྱེད་ཀ་དེ་ཡང་མཐོང་རྒྱུ་མེད་པར་གྱུར།དེ་ནས་རྒྱལ་དབང་ཚང་གིས་སྔོན་ཆད་གདུགས་དཀར་ཇི་ལྟར་བཏོན་པ་བཞིན་ཐོན་དང་འགྲིག་འདུགཅེས་གསུངས།དེ་ནས་ཨ་རིག་རྒན་པོས་སྔོན་ལྟར་བཏོན་པ་ན།གདུགས་དཀར་པོ་ཕྱེད་ཀ་དེ་མགོ་ནས་ཡང་བསྐྱར་རང་འཁོར་བྱས་པའོ།།

༢༠ ཨ་རིག་གླེན་པའི་དད་ལོག

སྔོན་ཨ་རིག་གླེན་པའི་གྲྭ་བ་ཞིག་གིས་ལོ་གཅིག་ལ་འདང་ངེས་ཀྱི་བྲོ་ཆས་རྣམས་བཟུང་ནས་མཚོ་སྙིང་མ་ཧ་དྰེ་ཝར་བསྙེན་མཚམས་ལ་འདུག་ཏུ་སོང་། ཁོས་ལོ་གཅིག་ལ་བསྙེན་མཚམས་ཡག་པོ་ཞིག་བཏང་ནས། ཕྱི་ལོའི་དགུན་ཁར་ཕྱིར་དར་ལམ་བརྒྱུད་ནས་ཡོང་དུས་མཚོ་དཀྱིལ་དུ་དར་ཆགས་མེད་པས། ལོ་རྗེས་མར་ཡང་མཚོ་སྙིང་དུ་འདུག་དགོས་བྱུང་། མཚམས་ཤིག་ལ་ཁོ་རང་གིས་བྲོ་ཆད་པ་ན། ཨ་རིག་གླེན་པའི་གྲྭ་བ་དེའི་བསམ་པར་དཀོན་མཆོག་གསུམ་ལ་བསླུ་བ་མེད་པས་ཟ་མ་མེད་ཀྱང་དཀོན་མཆོག་གིས་ང་འཆི་རུ་མི་འཇུག་བསམས་ནས་གསོལ་བ་འདེབས་བཞིན་བསྡད་མོད། ལྟོགས་སྐོམ་ལ་ཕན་པ་ཅི་ཡང་མ་བྱུང་བར་ཁོ་རང་འཆི་ལ་ཉེ་བའི་ཚེ། ཁོས་དད་པ་སེམས་གཏིང་ནས་ལོག་སྟེ། རྡོ་ཕ་བོང་ཞིག་གི་སྟེང་དུ། དཀོན་མཆོག་གསུམ་ལ་བློ་མ་གཏོད།། བློ་གཏད་ན་བླ་རྒན་ང་ལ་ལྟོས།། ཞེས་པའི་ཡིག་འབྲུ་དག་བརྐོས་ནས་ཚེ་འཕོས་སོ།།                                                           

གོང་གི་འདི་རྣམས་༢༠༡༥ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་༼  ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་  ༽ལས་ཁོལ་དུ་ཕྱུང་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།