ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བ་སྐལ་བཟང་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-08-18 17:42:27     རྩོམ་པ་པོ།   ངག་དབང་ཕུན་ཚོགས།    ཀློག་ཐེངས།  

ན་མོ་གུ་རུ། བཅོས་མིན་དད་གུས་སྙིམ་པའི་མེ་ཏོག་གིས།། འཇམ་དབྱངས་ཞབས་ལ་གུས་པས་ཉེར་མཆོད་ནས།། བདག་གཞན་དུས་འདིར་ཆད་ལྟའི་གཡང་ས་ལས།། བསྲུང་ཕྱིར་ཆོས་ཀྱི་སྒྲོན་མེ་འདི་བཀྱེའོ།།

ཇི་སྐད་དུ་དབུ་མ་རིན་ཆེན་ཕྲེང་བ་ལས། དམ་པའི་ཆོས་ཀྱི་སྣོད་ལ་ནི།། ཆོས་འགྲུབ་འགྱུར་ཏེ་གང་ཞིག་ལ།། དང་པོར་མངོན་པར་མཐོ་བའི་ཆོས།། ཕྱིས་ནི་ངེས་པར་ལེགས་འབྱུང་བའོ།། ཞེས་གསུངས་པ་ལྟར། བསྒྲུབ་བྱའི་ཆོས་ཀྱི་སྙིང་པོ་བསྡུས་ན། གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང༌། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་གཉིས་སུ་འདུ་ཞིང༌། དེ་གཉིས་སྒྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡང་དེ་ཉིད་ལས། དེ་ཡི་སྒྲུབ་པ་མདོར་བསྡུས་ན།། མདོར་ན་དད་དང་ཤེས་རབ་བོ།། ཞེས་གསུངས་པ་ལྟར། ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། བདག་མེད་ཀྱི་དོན་རྟོགས་པའི་ཤེས་རབ་གཉིས་སུ་འདུ་ལ། དེ་གཉིས་ལས་གཙོ་ཆེ་བ་ཤེས་རབ་ཡིན་མོད་ཀྱང་སྔོན་དུ་གལ་ཆེ་བ་དད་པ་ཉིད་ཡིན་ཏེ། དེ་ཉིད་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ།། དེ་ཡི་སྔོན་འགྲོ་དད་པ་ཡིན།། ཞེས་སོ།། དེས་ན་འདིར་ལས་འབྲས་ལ་ཡིད་ཆེས་པའི་ཐབས་ལས་རྣམ་བརྩམས་ཏེ་ཅུང་ཟད་བརྗོད་ན་གཉིས་ཏེ། ལས་འབྲས་ཀྱི་རྟེན་བཤད་པ་དང༌། བརྟེན་པ་ལས་འབྲས་ཉིད་བཤད་པའོ།། དང་པོ་ལ། ཚེ་སྔ་ཕྱི་ཡོད་པར་བསྒྲུབ་པ་དང༌། མེད་པར་དགག་པའོ།། དང་པོ་ལ། ཤེས་བྱེད་ཀྱི་ཁུངས། སྒྲུབ་བྱེད་ཀྱི་རིགས་པ། གོ་བྱེད་ཀྱི་དཔེ། ཡིད་ཆེས་པའི་ལོ་རྒྱུས། ཤེས་མི་ཤེས་ཀྱི་སྐྱོན་ཡོན་བཤད་པའོ།། དང་པོ་ནི་མདོ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་སྟེ་སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ།། ཞེས་འབྱུང་བ་ལྟ་བུ་སྟེ། མཐའ་ཡས་པ་ཞིག་ཡོད་དོ།། གཞན་ཡང་རྗོད་བྱེད་གསུང་རབ་ཀྱི་གནད་བསྡུས་ན་བརྗོད་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་སྟོན་པ་གཉིས་སུ་འདུ་ཞིང༌། སྐྱེ་བ་སྔ་ཕྱི་མེད་ན་དེ་གཉིས་ཀྱི་གཞི་མེད་པས། དོན་ཐོབ་ཀྱི་དབང་དུ་བྱས་ན་རྒྱལ་བའི་གསུང་རབ་བཞུགས་སོ་ཅོག་ཚེ་སྔ་ཕྱི་ཡོད་པའི་རྒྱབ་རྟེན་གྱི་ཁུངས་སོ།།

གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་ལ་བཞི་སྟེ། རིགས་འདྲ་སྔོན་སོང་གིས་བསྒྲུབ། ཉེར་ལེན་སྔོན་སོང་གིས་བསྒྲུབ། གོམས་པ་སྔོན་སོང་གིས་བསྒྲུབ། མྱོང་བ་སྔོན་སོང་གིས་བསྒྲུབ་པའོ།། དང་པོ་ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་པོ་བློ་དག་ནི།། རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེས་མིན།། ཧ་ཅང་ཐལ་ཕྱིར། ཞེས་གསུངས་པ་ལྟར། བྱིས་པ་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་སོགས་རང་རང་གི་རིགས་འདྲ་སྔོན་དུ་སོང་བ་ལྟོས་པ་མེད་པར་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས། ཐམས་ཅད་ལས་ཐམས་ཅད་སྐྱེ་བ་སོགས་ཧ་ཅང་ཐལ་བ་དུ་མ་ཞིག་ཁས་ལེན་དགོས་པར་འགྱུར་རོ།། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲའི་རྒྱུ་ལས་སྐྱེ་བར་འོས་མེད་ཀྱིས་གྲུབ་པས། རྒྱུ་མཚན་དེ་ཉིད་ཀྱིས་ཚེ་སྔ་མ་ཡོད་པར་དཔོག་ནུས་པ་སྟེ། ཚེ་འདིར་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་སོགས་ཀྱི་རིགས་འདྲ་སྔ་མ་ཞིག་ཡོད་ན་དེ་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་སོ།། མདོར་བསྡུས་ན་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིགས་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར།དཔེར་ན་ད་ལྟའི་རིག་པ་བཞིན། ཞེས་འགོད་པར་བྱ་བ་སྟེ། སློབ་དཔོན་དཔའ་བོས། སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན།། འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན།། མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི།། དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ།། ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས། མངལ་གནས་སྔོན་རོལ་བློ་ལ་ནི།། མདུན་རོལ་ཁོ་ནར་འགགས་བློ་ཡོད།། ཡང་ན་བློ་ཕྱིར་དེ་འོག་བཞིན།། ཞེས་སོ།།

གཉིས་པ་ཉེར་ལེན་སྔོན་སོང་གིས་བསྒྲུབ་པ་ནི། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།། ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། ཅེས་གསུངས་པ་ལྟར་ཏེ། དཔེར་ན་ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་པར་དགོས་པ་ལྟར་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་པར་དགོས་པས་ཚེ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན། སྐྱེ་བ་སྔ་མ་ཡོད་དགོས་པ་སྟེ་རྒྱུ་མཚན་སྔར་བཞིན་ནོ།། དེས་ན་ཚེ་འདིའི་ཐོག་མའི་རྣམ་ཤེས་ཆོས་ཅན། རྣམ་ཤེས་སྔ་མའི་ཉེར་ལེན་ལས་བྱུང་སྟེ། རྣམ་ཤེས་ཡིན་པའི་ཕྱིར། དཔེར་ན་དེ་རིང་གི་རྣམ་ཤེས་བཞིན། ཞེས་པའི་གཏན་ཚིགས་འདིས་ཀྱང་ཚེ་སྔ་མ་ཡོད་པར་འགྲུབ་སྟེ། སློབ་དཔོན་ཞི་བ་འཚོས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི།། རང་གི་ཉེར་ལེན་སྟོབས་ལས་བྱུང༌།། རྣམ་ཤེས་ཉིད་སོགས་གཏན་ཚིགས་ཀྱིས།། ད་ལྟར་བ་ཡི་རྣམ་ཤེས་བཞིན།། ཞེས་གསུངས་པ་ལྟར་རོ།།

གསུམ་པ་གོམས་པ་སྔོན་སོང་གིས་བསྒྲུབ་པ་ནི། ཇི་སྐད་དུ། གོམས་ལས་འདོད་ཆགས་སོགས་གསལ་བར།། མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ།། རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ།། ཞེས་ད་ལྟ་རང་རྒྱུད་ལ་ཡོད་པའི་ཆགས་སྡང་སོགས་གོམས་པའི་རྗེས་སུ་བྱེད་པར་མྱོང་བས་གྲུབ་པ་དཔེར་བྱས་ནས། བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་ཏེ། དེ་ལྟར་ན་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རང་རྒྱུ་གོམས་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟ་རང་རྒྱུད་ལ་ཡོད་པའི་ཆགས་སྡང་འདི་བཞིན་ནོ།། ཞེས་པའི་སྦྱོར་བ་ལས་ཀྱང་ཚེ་སྔ་མ་ཡོད་པར་དཔོག་ནུས་པ་སྟེ་གཞུང་གི་དགོངས་པ་རྨ་མེད་པའོ།། དེས་མཚོན་ནས་བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར་རང་གིས་ངང་གིས་ཤེས་པའི་རིགས་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་པར་བྱ་བར་གསུངས་པ་སྟེ། སློབ་དཔོན་དཔའ་བོས། བློ་ཡི་མཐུ་སྟོབས་གསལ་བ་མེད་པ་དང༌།། དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན།། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར།། ཁ་ཟས་ཟ་བར་རྩོལ་བ་བྱེད་པ་དང༌།། ནུ་ཞོ་འཐུང་བར་རྩོལ་བ་བྱེད་པ་ཡང༌།། དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས།། ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས། བེའུ་ཡང་སྔོན་ཆད་གོམས་བྱས་པས།། བྱུང་མ་ཐག་ཏུ་ཟས་འཚོལ་བྱེད།། ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར།། དཔེར་ན་དབང་པོ་སྨིན་པ་བཞིན།། ཞེས་སོ།། མདོར་ན་བདག་ལྟ་བུའི་སོ་སྐྱེ་ཐ་མལ་པ་རྣམས་ལ་དད་སོགས་དགེ་བའི་བསམ་པ་ནི་འབད་ཀྱང་མི་སྐྱེ་ཞིང༌། བརྒྱ་ལ་ལན་རེ་ཙམ་སྐྱེས་ཀྱང་ཤུགས་ཞན་ཅིང་རྒྱུན་ཡང་མི་བརྟན་པ་དེ་ལྟར་ལ། ཆགས་སོགས་མི་དགེ་བའི་བསམ་པ་ནི་བཀག་ཀྱང་མ་ཁེགས་པར་ངམ་ངམ་ཤུགས་ཀྱིས་སྐྱེ་ཞིང༌། སྐྱེས་པ་དེ་ཡང་ཡུན་རིང་ལ་ཤུགས་དྲག་པོ་སྐྱེ་བ་མྱོང་བས་གྲུབ་པ་དེ་ལྟར་ཏེ་འདིས་ཀྱང་ཚེ་རབས་སྔ་མ་རྣམས་སུ་ཆགས་སོགས་ཉོན་མོངས་ལ་གོམས་པ་ལྷག་པར་ཆེ་བ་དང་ཅིག་ཤོས་ལ་གོམས་འདྲིས་མེད་པར་ཆེས་གསལ་བར་མཚོན་པ་ཡིན་ནོ།།

བཞི་པ་མྱོང་བ་སྔོན་སོང་གིས་བསྒྲུབ་པ་ནི། ཚེ་རབས་དྲན་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་ཚེ་རབས་སྔ་མ་ཡོད་དེ། ཁྱོད་ཀྱིས་དེ་མྱོང་སྟོབས་ཀྱིས་རྗེས་སུ་དྲན་པའི་ཕྱིར་ཞེས་པའི་རིགས་པ་འདིས་ཀྱང་ཚེ་རབས་སྔ་མ་ཡོད་པར་མཚོན་ནུས་པ་སྟེ། སློབ་དཔོན་དཔའ་བོས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས།། ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད།། འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ང་བདག་ལས་ཀྱང་མངོན་པར་མི་འགྱུར་རམ།། ཞེས་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཚེ་རབས་དྲན་པ་སོགས་ཡོད་དང༌།། ཞེས་སོ།། ཇི་སྐད་བཤད་པའི་རིགས་པ་བཞི་པོ་དེ་དག་ལ་བརྟེན་ནས་ཚེ་སྔ་མ་ཡོད་

པར་དངོས་སུ་གྲུབ་ཅིང༌། དེ་གྲུབ་པ་ན་ཚེ་ཕྱི་མ་ཡོད་པར་ཡང་དོན་གྱིས་གྲུབ་པ་སྟེ། ཅིའི་ཕྱིར་ན་སྔ་མའི་གང་ཟག་འདིར་འོངས་ལ། འདིའི་གང་ཟག་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་བཤད་དུ་མེད་པའི་གནད་ཀྱིས་སོ།། དེ་ལྟར་ཡང་ཚད་མ་རྣམ་འགྲེལ་ལས། མཚམས་སྦྱོར་བར།། ནུས་ལྡན་མཐོང་བ་གང་དེ་ལ།། ཅི་ཞིག་ཡོད་འགྱུར་གང་མེད་པ།། གང་གིས་ཕྱི་ནས་མཚམས་སྦྱོར་མེད།། ཅེས་གསུངས་པའི་དགོངས་པའོ།། སྦྱོར་ངག་ཏུ་དྲིལ་ན། ཚེ་འདིའི་རིགས་རྒྱུན་ཐ་མ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། དཔེར་ན་ཚེ་སྔོན་མའི་རིག་རྒྱུན་ཐ་མ་བཞིན། ཞེས་པའི་ཚུལ་དུ་འགོད་པར་བྱ་བ་སྟེ། སློབ་དཔོན་ཞི་བ་འཚོས། འཆི་ཁའི་སྐད་ཅིག་རྣམ་ཤེས་ནི།། རང་གི་ཉེར་བླངས་སྐྱེད་ནུས་ཏེ།། ཆགས་པ་བྱས་པའི་འབྲེལ་བ་ཉིད།། སྔོན་གྱི་རྣམ་པར་ཤེས་པ་བཞིན།། ཞེས་གསུངས་པའི་ཕྱིར་རོ།།འོ་ན་རིགས་པ་འདི་རྣམས་འབྲས་རང་མ་དམིགས་པའི་རྟགས་གསུམ་གྱི་ནང་ནས་གང་ཞེ་ན། ཚེ་སྔ་མ་ཡོད་པར་སྒྲུབ་པའི་རིགས་པ་བཞི་ནི་འབྲས་རྟགས་དང༌། ཕྱི་མ་ཡོད་པར་སྒྲུབ་པའི་རིགས་པ་གཅིག་ནི་རང་བཞིན་གྱིས་རྟགས་ཏེ། མཁས་པ་ཆེན་པོ་ཀཱ་མ་ལ་ཤཱི་ལའི་དགོངས་པའོ།།

གསུམ་པ་གོ་བྱེད་ཀྱི་དཔེ་ནི། འཆི་འཕོའ་ིམདོ་ལས། ཉིང་མཚམས་སྦྱོར་བའི་དཔེ་བརྒྱད་གསུངས་ཏེ། དེའང་བླ་མའི་ཁ་ཏོན་སློབ་མས་ཤེས་པའི་དཔེས་སྔ་མའི་རྣམ་ཤེས་ཕྱི་མའི་རྣམ་ཤེས་སུ་ཉིང་མཚམས་ཇི་ལྟར་སྦྱོར་བ། མར་མེ་གཅིག་ལས་གཉིས་པར་ཆད་པའི་དཔེས་ཉིང་མཚམས་སྦྱོར་བ་རྟག་ཆད་དུ་མི་འགྱུར་བ། མེ་ལོང་གི་ནང་དུ་བྱད་བཞིན་གྱི་གཟུགས་བརྙན་འབྱུང་བའི་དཔེས་སྔ་མ་ཡོད་པའི་སྒོ་ནས་ཕྱི་མའང་ཡོད་ལ། དངོས་པོ་ཡང་མི་འཕོ་ཞིང༌།ཕ་རོལ་ཡང་ཡོད་ངེས་པ། རྒྱ་ལ་ཡོད་པའི་རི་མོ་ཅི་འདྲ་བ་རྒྱའི་འབུར་ལ་འབྱུང་བའི་དཔེས་ལས་བཟང་ངན་ཇི་ལྟར་བསགས་པ་དང་མཐུན་པར་སྐྱེ་བ་ལེན་པ། མེ་ཤེལ་ལས་མེ་འབྱུང་བའི་དཔེས་འགྲོ་བ་རིས་མི་མཐུན་པ་ནས་རིས་མི་མཐུན་པར་སྐྱེ་བ་ལེན་པ་མི་འགལ་བ། མྱུ་གུ་སྐྱེས་ཚེ་ས་བོན་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བའི་དཔེས་ཕྱི་མར་སྐྱེ་བ་ལེན་དུས་སྔ་མའི་གང་ཟག་འགགས་ནས་མེད་ཀྱང་རྒྱུན་ཆད་དུ་མི་འགྲོ་བ། སྐྱུར་པོ་མྱོང་ཟིན་མ་བརྗེད་པའི་མི་ལ་སྐྱུར་ཞེས་བརྗོད་པ་ན་ད་ལྟ་ཁ་ནང་སྐྱུར་པོ་མེད་ཀྱང་འགྲམ་ཆུ་ལྡང་བ་མི་འགལ་བའི་དཔེས་སྐྱེ་བ་ལེན་དུས་སྐྱེད་བྱེད་ཀྱི་ལས་འགགས་ནས་མེད་ཀྱང་དེ་ལ་བརྟེན་ནས་སྐྱེ་བ་ལེན་པ་མི་འགལ་བ། མིས་བརྗོད་པའི་སྒྲ་ལ་བྲག་ཆ་འབྱུང་ཡང་དཔྱད་ན་མི་རྙེད་པའི་དཔེས་ལས་ཉོན་སོགས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཙམ་ལ་བརྟེན་ནས་སྐྱེ་བ་ལེན་ཀྱང་དོན་དམ་པར་གཅིག་ཐ་དད་གང་དུའང་མེད་པར་བསྟན་པ་སྟེ། མདོ་ཙམ་མོ།།

གཞན་ཡང་སྐྱེ་བ་སྔ་ཕྱི་གཉིས་ཀྱི་མཚོན་དོན་དུ་དཔེ་བརྒྱད་པོ་རེ་རེར་ཡང་ནང་གསེས་ཀྱི་ཆ་གཉིས་རེ་ཡོད་ཅིང༌། ཆ་སྔ་མ་སྔ་མས་ནི་རྟག་མཐའ་དང་ཕྱི་མ་ཕྱི་མས་ནི་ཆད་མཐའ་འགོག་པར་ཡང་གསུངས་ཏེ། དེའི་ཚུལ་ཡང་ཚེ་སྔ་མའི་གང་ཟག་ལ་ལྟོས་མེད་དུ་ཕྱི་མའི་གང་ཟག་འབྱུང་བ་ཡིན་ན། སྔ་མའི་གང་ཟག་རྒྱུན་ཆད་དུ་འགྲོ་བ་དང་ཕྱི་མའི་གང་ཟག་རྒྱུ་མེད་ལས་སྐྱེ་བས་ཉེས་པ་གཉིས་འབྱུང་བ་ལས་དེ་ལྟ་མིན་པ་ནི། བླ་མའི་ཁ་ཏོན་ལ་མ་བརྟེན་པར་སློབ་མའི་ཁ་ཏོན་མི་འབྱུང་བ་དང༌། མར་མེ་སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་བ་སོགས་དཔེ་ཕྱི་མ་ཕྱི་མ་རྣམས་ལ་བརྟེན་ནས་ཤེས་དགོས་པར་གསུངས་ཤིང༌། ཡང་སྐྱེས་བུ་གང་ཞིག་ཁང་བཟང་དུ་རྒྱུ་བའི་ཚུལ་གྱིས་སྔ་མའི་གང་ཟག་རིལ་པོ་ཕྱི་མར་འཕོས་པ་ཡིན་ན་ཕྱི་མའི་གང་ཟག་མི་མཐུན་པའི་རྒྱུ་ལས་སྐྱེ་བ་དང་སྔ་མའི་གང་ཟག་རྟག་དངོས་སུ་ཐལ་བའི་ཉེས་པ་གཉིས་འབྱུང་བ་ལས་དེ་ལྟ་མིན་པ་ནི་བླ་མའི་ཁ་ཏོན་རིལ་པོ་སློབ་མའི་རྒྱུད་ལ་འཕོས་པ་མིན་པ་དང༌།མར་མེ་སྔ་མ་རིལ་པོ་ཕྱི་མར་འཕོས་པ་མིན་པ་སོགས་དཔེ་སྔ་མ་སྔ་མ་རྣམས་ལ་བརྟེན་ནས་ཤེས་དགོས་པར་གསུངས་སོ།། དེ་ལྟར་ཞིབ་ཏུ་དཔྱོད་མི་ཤེས་པའི་དབང་གིས་སྐྱེ་བ་ལེན་པའི་མཚམས་འདི་ནས་བདག་རྟག་ཆད་དུ་སྨྲ་བ་སོགས་ཀྱི་ངན་རྟོག་གི་ཚོགས་རྣམས་འབྱུང་བར་གཟིགས་ནས་བཅོམ་ལྡན་འདས་རང་ཉིད་ཀྱིས་སེམས་ཅན་རྣམས་སྐྱེ་བ་ཇི་ལྟར་ལེན་པའི་ཚུལ་དཔེ་བརྒྱད་དང་སྦྱར་ནས་རྒྱས་པར་གསུངས་ཤིང་དོན་འདི་ལ་ནན་ཏན་དུ་བྱ་བར་ཡང་གསུངས་ཏེ། ཇི་སྐད་དུ། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་སྟེ། སྐྱེ་བ་ལེན་པ་ན་རྟག་པ་འཕོ་བ་ཡང་མ་ཡིན་ནོ།། ཆད་པ་འགགས་ཏེ་མེད་པ་ཡང་མ་ཡིན་ནོ།། རྒྱུ་མེད་པའང་མ་ཡིན་ནོ།། རྒྱུ་མེད་པ་ལས་བྱུང་བའང་མ་ཡིན་ནོ།། བྱེད་པ་པོས་བྱས་པའང་མ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བར་ལྟའོ།། ཞེས་སོ།།

བཞི་པ་ཡིད་ཆེས་པའི་ལོ་རྒྱུས་ནི། བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་དག་མ་དག་གི་སྐུའི་སྐྱེ་བ་ཇི་ལྟར་བཞེས་པ་དང༌། དེ་བཞིན་དུ་སངས་རྒྱས་བྱང་སེམས་གཞན་གྱི་སྐུའི་སྐྱེ་བ་སྔ་ཕྱི་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་སྦྱར་རྒྱུ་ཡིན་ལ། དེར་མ་ཟད་སྔོན་གྱི་སྐྱེས་ཆེན་དུ་མས་ཚེ་རབས་སྔ་ཕྱི་གསལ་བར་དྲན་པའི་ལོ་རྒྱུས་རྣམ་ཐར་ཇི་སྙེད་ཅིག་མཆིས་པ་རྣམས་དང༌། གང་ཟག་ཆེ་གེ་མོ་ཤི་ནས་ལྷར་སྐྱེས་སོ་འདྲེར་སྐྱེས་སོ་བྱ་བ་ལ་སོགས་པའི་གཏམ་རྒྱུད་རྣམས་ཀྱང་སྦྱར་དུ་རུང་ཞིང༌། གང་གིས་ཚེ་སྔ་ཕྱི་ཡོད་པ་ལ་ཡིད་ཆེས་ཀྱི་ངེས་པ་སྟེར་བར་སྣང་ན། འཇིག་རྟེན་པའི་འདྲེ་སྒྲུང་དག་ཀྱང་སྦྱར་དུ་རུང་བ་སྟེ། རྨ་ཁར་ཕན་ན་ཁྱི་ཚིལ་ཡང་བསྐུས་ཟེར་བའི་དཔེ་བཞིན་ནོ།།

ལྔ་པ་ཚེ་སྔ་ཕྱི་ཡོད་པ་ཤེས་མི་ཤེས་ཀྱི་སྐྱོན་ཡོན་ལ་གཉིས། གནས་སྐབས་ཀྱི་སྐྱོན་ཡོན་དང༌། མཐར་ཐུག་གི་སྐྱོན་ཡོན་ནོ།། དང་པོ་ནི། ཚེ་སྔ་ཕྱི་ཡོད་པར་ཤེས་ནས་ཡིད་ཆེས་པ་ཞིག་བྱུང་ན། ཕྱི་མར་ངན་སོང་དུ་ལྷུང་གིས་དྭོགས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་ལས་འབྲས་ལ་བླང་དོར་བྱེད་པ་ཞིག་འོང་ལ། དེ་ལྟར་བྱས་པས་ཕྱི་མར་ངན་སོང་ལས་ལྡོག་སྟེ་བདེ་འགྲོ་ཐོབ་པ་ཞིག་འོང་གི །གཞན་དུ་ཕྱི་མའི་དོན་གཉེར་ཙམ་ཡང་མི་སྐྱེ་ན། ཕྱི་མར་ངན་སོང་གིས་འཇིགས་ནས་བདེ་འགྲོ་ཐོབ་ཐབས་ག་ལ་བྱེད་དེ་མི་བྱེད། དེ་མི་བྱེད་ན་ཕྱི་མར་རྒྱུ་མེད་རྐྱེན་མེད་དུ་བདེ་འགྲོ་ག་ལ་ཐོབ་སྟེ་མི་ཐོབ་པས། གནས་སྐབས་མངོན་མཐོའ་ིགོ་འཕང་ཐོབ་དང་མི་ཐོབ་ཀྱང་ཚེ་སྔ་ཕྱི་ཡོད་པར་ཤེས་དང་མི་ཤེས་ལ་རག་ལས་པ་ཉིད་དོ།།གཉིས་པ་ནི། འཁོར་བའི་སྡུག་བསྔལ་ལ་མཐའ་མེད་པར་ཤེས་ནས་ཐར་པ་ལ་དོན་གཉེར་གྱི་བསམ་པ་སྐྱེ་བ་དང་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་ནས་དེ་དག་ལ་བྱམས་པ་དང་སྙིང་རྗེ་སྐྱེ་མི་སྐྱེ་སོགས་ཀྱང་ཚེ་སྔ་ཕྱི་ཡོད་པར་ཚད་མས་ཤེས་མི་ཤེས་ལ་རག་ལས་པས་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དང་མི་ཐོབ་ཀྱང་ཚེ་སྔ་ཕྱི་ཡོད་པར་ཤེས་དང་མི་ཤེས་ལ་རག་ལས་པ་སྟེ། དེ་ལ་དགོངས་ནས། མཁས་གྲུབ་ཆོས་ཀྱི་རྒྱལ་པོས། ཇི་སྲིད་སྐྱེ་བ་སྔ་ཕྱི་ཡོད་པར་རིགས་སྟོབས་ཀྱིས་མ་ངེས་པ་དེ་སྲིད་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ཐམས་ཅད་ཀྱི་སྒོ་འགགསཏེ་འདུག་པ་ཡིན་ནོ།། ཞེས་བཀའ་སྩལ་བ་ལགས་སོ།། མདོར་ན་ཚེ་སྔ་ཕྱི་ཡོད་པར་ཇི་བཞིན་ཤེས་དང་མི་ཤེས་ནི་ལེགས་ཉེས་ཐམས་ཅད་ཀྱི་གཞི་རྩ་གཅིག་པུ་ཡིན་པས། གནས་འདི་ལ་ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་བརྟན་པོ་བཙལ་བར་བྱའོ་གསུང༌།

གཉིས་པ་ཚེ་སྔ་ཕྱི་མེད་པར་དགག་པ་ནི། ཚེ་སྔ་ཕྱི་ཡོད་པར་མི་འཐད་དེ། ལུས་སེམས་གཉིས་ལས་ལུས་ཕྱི་མར་མི་འགྲོ་ཞིང༌། སེམས་ཀྱང་ལུས་ལ་བརྟེན་ཏེ་གནས་པས་ལུས་ཞིག་ནས་རྒྱུན་ཆད་པ་ཉིད་ཀྱིས་དེ་ཡང་ཞིག་ནས་རྒྱུན་ཆད་པའི་ཕྱིར་ཅེ་ན། དཔྱད་དེ། བློ་ལུས་ལ་བརྟེན་ན་ཚུལ་ཇི་ལྟར་དུ་བརྟེན། སྒྲོན་མེ་ལ་སྒྲོན་འོད་ལྟར་འབྲས་བུའི་ཚུལ་དུ་བརྟེན་ཏམ། མེ་ལ་ཚ་བ་ལྟར་བདག་ཉིད་ཀྱི་ཚུལ་དུ་བརྟེན་ཏམ། རྩིག་པ་ལ་རི་མོ་ལྟར་ཡོན་ཏན་གྱི་ཚུལ་དུ་བརྟེན་གྲང༌། དང་པོ་ལྟར་ན་སྒྲོན་འོད་ཀྱི་འཕེལ་འགྲིབ་སྒྲོན་མེའི་རྗེས་སུ་བྱེད་པ་དང་འདྲ་བར་བློའ་ིའཕེལ་འགྲིབ་ལུས་ཀྱི་རྗེས་སུ་བྱེད་པར་ཁས་ལེན་དགོས་པས་མི་འཐད། གཉིས་པ་ལྟར་ན་ཚ་བ་མེ་དང་འབྲལ་མི་རུང་གི་བདག་ཉིད་ཡིན་པ་ལྟར། སེམས་ལུས་དང་འབྲལ་མི་རུང་གི་བདག་ཉིད་དུ་འགྱུར་ཞིང༌། དེ་ལྟ་ན་ཤི་བའི་ལུས་ལའང་སེམས་མི་ལྡོག་པར་ཁས་ལེན་དགོས་པས་མི་འཐད།གསུམ་པ་ལྟར་ན་ཇི་ལྟར་རྩིག་པ་མཐོང་བ་ན་རི་མོ་ཡང་མཐོང་བ་དེ་ལྟར་ལུས་མཐོང་བ་ན་སེམས་ཀྱང་མཐོང་བར་ཁས་ལེན་དགོས་པས་མི་འཐད། དེའི་ཕྱིར་བློ་ལུས་ལ་བརྟེན་པར་མི་འཐད་དེ། བརྟེན་ན་བརྟེན་ཚུལ་གསུམ་ལས་མི་འདའ་ཞིང༌། གསུམ་པོ་གང་ལྟར་ཀྱང་མི་འཐད་པའི་ཕྱིར། བསྒྲུབས་ཟིན་པ་དེ་ལྟར་རོ།། དེ་ལྟར་ལུས་ལྡོག་པས་ནི་སེམས་ལྡོག་པའི་དོན་མེད་ལ། ལྡོག་བྱེད་ཀྱི་རྒྱུ་གཞན་ཡང་མེད་པས་ནམ་མཁའ་ཇི་སྲིད་དུ་རྒྱུད་འཐུད་དེ་འགྲོར་ངེས་པ་ཡིན་ནོ།། དེའི་ཕྱིར་ཚེ་འདིར་གནས་ཡུན་ཇི་ལྟར་རིང་ཡང་ལོ་གྲངས་བཅུ་ཕྲག་འགའ་ཞིག་ཏུ་ཟད་ལ། ཕྱི་མ་ཕན་ཆད་ཀྱི་ཤུལ་ལམ་ལ་ནི་རྫོགས་དུས་མེད་པ་དེ་ལྟར་ལགས་པས། ཚེ་འདི་བློས་བཏང་ནས་ཕྱི་མ་ཕན་ཆད་ཀྱི་དོན་ལ་འབད་རིགས་པའི་རྒྱུ་མཚན་མཐར་ཐུག་པ་ནི་དེ་ལྟར་རོ།། གལ་ཏེ་ལྷག་མེད་དུ་མྱང་ངན་ལས་འདས་པའི་ཚེ་ན་བེམ་རིག་མཐའ་དག་རྒྱུན་ཆད་པར་བཤད་པས། རིག་རྒྱུན་ཆད་པའི་གོ་སྐབས་ཡོད་དགོས་སོ་སྙམ་ན། དེ་ནི་གདུལ་བྱ་དམན་པ་འགའ་ཞིག་གི་བསམ་ངོ་ལ་ལྟོས་ནས་གསུངས་པ་ཙམ་ཡིན་གྱི་སྒྲ་ཇི་བཞིན་པ་མིན་པས་སྐྱོན་མེད་དོ།། སྐྱེ་བ་སྔ་ཕྱི་ཡོད་པར་ཅིས་ཀྱང་མི་བཟོད་ན་མེད་པའི་རྒྱུ་མཚན་བཤད་དགོས་ལ། དེ་ནི་རྒྱང་འཕེན་ལས་ལྷག་ཅིག་སུས་ཀྱང་བཤད་དུ་མེད་པས། རྒྱང་འཕེན་པའི་འདོད་པ་རྒྱས་པར་བཀག་པ་ཉིད་ཀྱིས་ཅལ་ཅོལ་སྨྲ་བ་གཞན་དག་ཀྱང་ཞོར་ལ་ཁེགས་པ་ཡིན་ནོ།།

གཉིས་པ་བརྟེན་པ་ལས་འབྲས་བཤད་པ་ལ་བཞི། ཤེས་མི་ཤེས་ཀྱི་སྐྱོན་ཡོན། ཤེས་བྱའི་ལས་འབྲས་ཉིད་ངོས་བཟུང་བ། ལག་ལེན་དུ་ཇི་ལྟར་སྦྱོར་བའི་ཚུལ། དེ་ལ་ལོག་པར་རྟོག་པ་དགག་པའོ།། དང་པོ་ནི། རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱུང་བར་ཤེས་ན་དགེ་བ་ངང་གིས་བསྒྲུབ་ཅིང༌། རྒྱུ་སྡིག་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་བར་ཤེས་ན་དེ་ལས་ངང་གིས་ལྡོག་པ་ཞིག་འོང་ལ། དེ་ལྟར་བྱས་པས་འདོད་པའི་བདེ་བ་ལྷུན་གྲུབ་ཏུ་འབྱུང་ཞིང་མི་འདོད་པའི་སྡུག་བསྔལ་རང་ཤུགས་སུ་འགགས་པ་ཞིག་འོང་གི། གཞན་དུ་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལས་འོས་མེད་པས། ལས་འབྲས་ཤེས་མི་ཤེས་ཀྱི་སྐྱོན་ཡོན་ནི་དེ་ལྟར་རོ།། གཞན་ཡང་ས་ལམ་ཉམས་རྟོགས་ཐམས་ཅད་ལས་འབྲས་ཤེས་པ་ལས་འབྱུང་གི་གཞན་ལ་འོང་བའི་གནས་མེད་པ་སྟེ། འདི་ལྟར་བཟུང་བའི་ཉེས་དམིགས་དང་གཏོང་བའི་ཕན་ཡོན་ཤེས་ན་གཅེས་ནོར་ཇི་འདྲ་ཞིག་ཡིན་ཡང་དགའ་བཞིན་སྤྲོ་བཞིན་དུ་གཏོང་ནུས་པ་ཞིག་འོང་ལ། གཞན་དུ་གང་ཡང་གཏོང་མི་ནུས་པས། སྦྱིན་པའི་ཉམས་ལེན་ཚད་ལྡན་འོང་དང་མི་འོང་ཡང་ལས་འབྲས་ཤེས་མི་ཤེས་ལ་ལྟོས་ཏེ། ཚུལ་ཁྲིམས་སོགས་ལའང་དེ་བཞིན་ནོ།། མདོར་ན་ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་ནི་ལས་འབྲས་ཤེས་མི་ཤེས་ལ་ཐུག་པར་གསུངས་ཏེ། རིགས་པས་ཀྱང་འཐད་དོ།།

གཉིས་པ་ནི། ལས་ངེས་པ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ།ལས་བྱས་པ་ཆུད་མི་ཟ་བ་སྟེ། ལས་ཚུལ་མི་འདྲ་བ་བཞིར་གསུངས་པ་ལས། དང་པོ་ནི། དཔེར་མཚོན་ན་ནས་ཀྱི་ས་བོན་ལ་བརྟེན་ནས་ནས་ཀྱི་མྱུ་གུ་འབྱུང་གི་གྲོ་སྲན་སོགས་གཞན་མི་འབྱུང་བ་ལྟར་རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་ཁོ་ན་འབྱུང་གི་སྡུག་བསྔལ་མི་འབྱུང༌། རྒྱུ་མི་དགེ་བ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་གི་བདེ་བ་མི་འབྱུང་སྟེ། འདི་ནི་རྒྱུ་ངེས་པའི་ཚུལ་དང༌། ཡང་འབྲས་བུ་བདེ་བ་གང་ཡིན་རྒྱུ་དགེ་བ་ལ་བརྟེན་ནས་འབྱུང་གི་སྡིག་པ་ལས་མི་འབྱུང༌། འབྲས་བུ་སྡུག་བསྔལ་གང་ཡིན་རྒྱུ་སྡིག་པ་ལ་བརྟེན་ནས་འབྱུང་གི་དགེ་བ་ལས་མི་འབྱུང་བ་སྟེ། འདི་ནི་འབྲས་བུ་ངེས་པའི་ཚུལ་ལོ།།

བྱེ་བྲག་ལ་སྦྱར་ན། རྒྱུ་སྦྱིན་པ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཁོ་ན་འབྱུང་གི་དབུལ་པོ་མི་འབྱུང། རྒྱུ་སེར་སྣ་ལ་བརྟེན་ནས་འབྲས་བུ་དབུལ་པོ་ཁོ་ན་འབྱུང་གི་ལོངས་སྤྱོད་མི་འབྱུང་བ་སོགས་དཀར་ནག་ལས་འབྲས་ཀྱི་རིགས་ཐམས་ཅད་ལ་དེ་བཞིན་ཏེ། མདོ་ལས།ཅི་འདྲ་པ་ཡི་ལས་བྱས་པ།། དེ་འདྲའི་འབྲས་བུ་ཉིད་དུ་འབྱུང༌།། ཞེས་གསུངས་པའི་དགོངས་པའོ།། འོ་ན་རྒྱུ་འབྲས་ངེས་པ་ཅན་གྱི་ཚུལ་གཉིས་པོ་འདི་གཞལ་བྱའི་གནས་གསུམ་གྱི་ནང་ནས་གང་ཞེ་ན། འདི་ལ་བཞེད་པའི་སྒོ་མི་འདྲ་བ་གཉིས་ཏེ། མཁས་པ་ཁ་ཅིག་ལས་འབྲས་བསམ་གྱིས་མི་ཁྱབ་པར་གསུངས་པ་ལ་བརྟེན་ནས་ཚུལ་གཉིས་ཀ་ཤིན་ཏུ་ལྐོག་གྱུར་དུ་བཞེད་དེ། དེ་ལྟར་ན་ཡིད་ཆེས་པའི་ལུང་ལ་བརྟེན་ནས་དཔོག་དགོས་ཀྱི། མངོན་སུམ་དང་དངོས་སྟོབས་གང་གིས་ཀྱང་མི་འགྲུབ་བོ།། ཡང་མཁས་པ་ལ་ལས་འདི་ལྟར་དུ་བཞེད་དེ། རྒྱུ་དང་འདྲ་བའི་འབྲས་བུ་རྗེས་སུ་འབྱུང་བ་དང༌། འབྲས་བུ་དང་འདྲ་བའི་རྒྱུ་སྔོན་དུ་སོང་བ་གཉིས་ཀ་དངོས་སྟོབས་ཀྱི་རིགས་པས་གཞལ་ནུས་པས་ཅུང་ཟད་ལྐོག་ཏུ་གྱུར་པ་སྟེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དུ་གསུངས་པ་ནི་ལས་གང་དུ་བྱས་པ་དང་ཚུལ་ཇི་ལྟར་དུ་བྱས་པ་སོགས་ལ་དགོངས་པས་སྐྱོན་མེད་ཅེས་ཟེར་ཏེ། དེའི་ལྟར་ན་ཚུལ་སྔ་མ་རང་བཞིན་གྱི་རྟགས་ལས་དང༌།ཕྱི་མ་འབྲས་བུའི་རྟགས་ལས་འགྲུབ་པར་བྱ་དགོས་སོ།།

གཉིས་པ་འཕེལ་ཆེ་བ་ནི། དགེ་སྡིག་གི་རྒྱུ་ཆུང་ངུ་ལས་ཀྱང་བདེ་སྡུག་གི་འབྲས་བུ་རྒྱ་ཆེར་འཕེལ་བ་སྟེ། འདི་ལ་ཡིད་ཆེས་པའི་ལོ་རྒྱུས་ནི་མདོ་མཛངས་བླུན་སོགས་སུ་མཐའ་ཡས་པ་ཞིག་གསུངས་སོ།། འོ་ན་ཚད་མ་གང་གིས་འགྲུབ་ཅེ་ན་སྤྱིར་འཕེལ་བ་ཙམ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལའང་ཡོད་པས། དེ་དག་དཔེར་བྱས་ཏེ་དངོས་སྟོབས་ཀྱིས་གཞལ་ནུས་པར་ཁས་བླངས་ནའང་མི་འཐད་པ་མེད་མོད། འོན་ཏེ་ཇི་ཙམ་དུ་འཕེལ་བའི་ངེས་བཟུང་གི་ཆ་ནི་ཡིད་ཆེས་པའི་རྟགས་ཁོ་ན་ལ་བརྟེན་ནས་དཔོག་དགོས་པ་ཏེ། གཞན་དུ་མངོན་སུམ་དང་དངོས་སྟོབས་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ།།

གསུམ་པ་ལས་མ་བྱས་པ་དང་མི་འཕྲད་པ་ནི། དགེ་སྡིག་གི་ལས་མ་བྱས་ན་བདེ་སྡུག་གི་འབྲས་བུ་དང་མི་འཕྲད་པའི་དོན་ཏེ། སྦྱིན་པ་མ་བཏང་ན་ལོངས་སྤྱོད་དང་མི་འཕྲད། ཚུལ་ཁྲིམས་མ་བསྲུངས་ན་བདེ་འགྲོ་དང་མི་འཕྲད་པ་ལྟ་བུའོ།། དོན་འདི་རྒྱུ་མ་དམིགས་པའི་རྟགས་ལ་བརྟེན་ནས་འགྲུབ་སྟེ། ཤེས་སླའོ།།

བཞི་པ་བྱས་པ་ཆུད་མི་ཟ་བ་ནི། དགེ་སྡིག་གི་ལས་བྱས་ནས་ཡུན་རིང་པོ་ཇི་ཙམ་ཞིག་སོང་ཡང་བར་མ་དོར་ཆུད་ཟོས་སུ་མི་འགྲོ་བར་ནམ་སྨིན་བྱེད་ཀྱི་རྐྱེན་དང་ཕྲད་ཅིང་སྨིན་པའི་དུས་ལ་བབ་པ་ན་བདེ་སྡུག་གི་འབྲས་བུ་གདོན་མི་ཟ་བ་ཉིད་དུ་སྨིན་པ་སྟེ། ལུས་ཅན་དག་གི་ལས་རྣམས་ནི།། བསྐལ་པ་བརྒྱར་ཡང་ཆུད་མི་ཟ།། ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་སྨིན་པ་ཉིད་དུ་འགྱུར།། ཞེས་སོ།། འོན་ཏེ་ཁོང་ཁྲོས་དགེ་རྩ་འཇོམས་པ་དང་སྟོབས་བཞིས་སྡིག་པ་འདག་པར་བཤད་པས་བྱས་པ་ཆུད་མི་ཟ་བར་གསུངས་པ་ནི་གེགས་བྱེད་དང་མ་ཕྲད་པའི་དབང་དུ་བྱས་པའོ།། ཚུལ་འདི་ཡང་རང་བཞིན་གྱི་རྟགས་ལས་ཏེ། ཇི་ལྟར་ཞེ་ན་འདིའི་གནད་དོན་མཐར་གཏུགས་ནས་དཔྱད་ན་རྒྱུ་ཚོགས་ཚང་ཚེ་འབྲས་བུ་སྐྱེ་བའི་དོན་དུ་སྣང་ལ། ཚོགས་པའི་རྒྱུ་ལས་འབྲས་བུ་སྐྱེ་བ་དངོས་པོའ་ིརང་བཞིན་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་ཚད་མ་རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར།། རྗེས་སུ་དཔོག་པ་གང་ཡིན་པ།། དོན་གཞན་ལ་ནི་མི་ལྟོས་ཕྱིར།། དེ་ནི་རང་བཞིན་ཡིན་པར་བརྗོད།། ཅེས་གསུངས་པ་ལྟར་རོ།།

གསུམ་པ་ནི། དེ་ལྟར་ལས་འབྲས་ངེས་པ་ཅན་ཡིན་པའི་ཚུལ་བསམས་ནས་ལས་བཟང་ངན་འདི་འདྲ་ཞིག་བྱས་ན་འབྲས་བུ་བཟང་ངན་དེ་འདྲ་ཞིག་འབྱུང་བར་གོར་མ་ཆག་སྙམ་དུ་ཡིད་ཆེས་པར་བྱས་ལ་སྡིག་པ་སྤོང་ཞིང་དགེ་བ་སྒྲུབ། ལས་འབྲས་འཕེལ་ཆེ་བའི་ཚུལ་བསམས་ནས་སྡིག་པ་ཕྲ་མོ་ཡིན་ཡང་སྤོང་གང་ཐུབ་དང་དགེ་བ་ཕྲ་མོ་ཡིན་ཡང་སྒྲུབ་གང་ཐུབ་བྱེད། མ་བྱས་པ་དང་མི་ཕྲད་པའི་ཚུལ་བསམས་ནས་བདེ་བ་གང་དང་གང་ལ་འདོད་པ་སྐྱེས་ཙམ་ནས་དེ་དང་དེའི་རྒྱུར་གྱུར་པའི་དགེ་བ་བསྒྲུབ་པ་ལ་བསྐུལ། ལས་བྱས་པ་ཆུད་མི་ཟ་བར་བསམས་ནས་སྡུག་བསྔལ་གང་དང་གང་ལ་མི་འདོད་པ་སྐྱེས་ཙམ་ནས་དེ་དང་དེའི་རྒྱུར་གྱུར་པའི་སྡིག་པ་སྤོང་བ་ལ་འབད་དགོས་པ་སྟེ། དེ་ལྟར་མ་བྱས་ན་ལས་འབྲས་གཏན་ལ་དབབ་པའི་དགོས་དོན་ཅུང་ཟད་ཀྱང་མེད་གསུང༌།

བཞི་པ་ལོག་རྟོག་དགག་པ་ལ་གཉིས། ལས་འབྲས་མེད་པའི་ལོག་རྟོག་དགག་པ་དང༌། ལས་འབྲས་འཆོལ་བའི་ལོག་རྟོག་དགག་པའོ།། དང་པོ་ནི། དེང་དུས་ཀྱི་མི་བླུན་པོ་ཁ་ཅིག་དགེ་སྡིག་གི་ལས་ཙམ་ཁོ་བོས་ཀྱང་མང་དག་བྱས་པ་ལགས་ཏེ། དེ་དག་གི་འབྲས་བུ་འདིའོ་སྙམ་པ་ཞིག་སྔོན་ཆད་གཅིག་ཀྱང་མ་བྱུང་ཞིང༌། གཞན་དག་གིས་བྱས་པ་ལའང་འབྲས་བུ་འདིའོ་སྙམ་པ་ཞིག་མ་མཐོང་བས། དཀར་ནག་གི་ལས་བྱས་པ་ལ་བདེ་སྡུག་གི་འབྲས་བུ་འབྱུང་བར་བཤད་པ་མི་བདེན་པ་འདྲ་སྙམ་ན། ས་བོན་བཏབ་མ་ཐག་ཏུ་མྱུ་གུ་མི་སྐྱེ་ཡང་དུས་ལ་བབ་ན་སྐྱེ་བ་མངོན་སུམ་དུ་མཐོང་བ་ལྟར། ལས་བྱས་མ་ཐག་ཏུ་འབྲས་བུ་མི་འབྱུང་ཡང་དུས་ལ་བབ་ན་འགོག་མེད་དུ་འབྱུང་བ་སྟེ། ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་སྨིན་པ་ཉིད་དུ་འགྱུར།། ཞེས་སོ།།

གཉིས་པ་ནི། ཆོས་པ་སྡུག་བསྔལ་གྱིས་མནར་བ་དང༌། སྡིག་ཅན་བདེ་བས་འཚོ་བ་དུ་མ་ཞིག་མཐོང་བས་ལས་འབྲས་མི་འཆོལ་བར་བཤད་པ་ཇི་ལྟར་བདེན་སྙམ་ན། འདི་ནི་རྒྱུ་རྐྱེན་གྱི་དབྱེ་བ་ཕྱེ་ནས་ཤེས་དགོས་པ་སྟེ། དང་པོ་ཆོས་པ་སྡུག་བསྔལ་གྱིས་མནར་བའི་ཉེར་ལེན་གྱི་རྒྱུ་ནི་སྔར་རང་གིས་བསགས་པའི་མི་དགེ་བའི་ལས་ཀྱིས་བྱས་ལ། རྐྱེན་ནི་ནག་ཕྱོགས་ཁ་རྒྱལ་བས་སམ་ཡང་ན་དགེ་བ་སྟོབས་ཆེས་པས་བྱས་པ་སྟེ། རྡོ་རྗེ་གཅོད་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང༌། འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་ཚེ་འདི་ཉིད་ལ་མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ།། ཞེས་དགེ་རྩ་སྟོབས་ཆེས་པའི་དབང་གིས་ཕྱི་མར་ངན་སོང་དུ་མྱོང་བར་འགྱུར་བའི་ལས་རྣམས་ཚེ་འདི་ལ་སྨིན་ནས་ཕྱི་མ་ཕན་ཆད་དུ་བདེ་བས་དུས་འདའ་སྟེ་མཐར་ཐུག་རྫོགས་པའི་བྱང་ཆུབ་ཀྱང་བདེ་བླག་ཉིད་དུ་ཐོབ་ན་གཞན་དང་གཞན་ལྟ་ཅི་སྨོས་པར་གསུངས་པ་དང༌། བེའུ་བུམ་སྔོན་པོ་ལས།སངས་རྒྱས་བསྟན་པ་མར་འགྲིབ་དུས་ན།། ནག་པོའ་ིཕྱོགས་ལ་དགའ་བ་མཐུ་ཆེ།། དཀར་པོའ་ིཕྱོགས་ལ་དགའ་བ་མཐུ་ཆུང༌།། དེ་ཕྱིར་ཆོས་མིན་ཞུགས་པ་རྣམས་ལ།། ཕན་འདོགས་མང་ཞིང་ཚེ་རིང་ནད་མེད།། ཆོས་ལ་ཞུགས་པ་དེ་ལས་ཟློག་པ།། ཆོས་ཉིད་ཡིན་པས་ཆོས་བྱེད་མ་ཞུམ།། ཞེས་དེང་སང་གི་དུས་འདིར་ནག་ཕྱོགས་ཀྱི་ལྷ་ཀླུ་རྣམས་སྟོབས་རྒྱས་ཤིང༌། དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་མཐུ་ཆུང་བས། དེའི་དབང་གིས་སྡིག་སྤྱོད་ལ་ཕན་འདོགས་མང་བ་དང༌།

ཆོས་བྱེད་ལ་གནོད་པ་མང་བར་གསུངས་སོ།། སྡིག་ཅན་བདེ་བས་འཚོ་བའི་རྒྱུ་རྐྱེན་ཇི་ལྟར་ཡིན་པ་ཡང་སྔར་བཤད་པ་ལ་བརྟེན་ནས་ཤེས་ནུས་ཏེ། དེ་ལྟར་བྱས་ན་ཆོས་པ་འགའ་ཞིག་ཕྲལ་དུ་སྡུག་བསྔལ་གྱིས་ལྷག་པར་མནར་བ་ནི་ཕུགས་སུ་བདེ་བ་ཕུན་སུམ་ཚོགས་པ་བརྒྱུད་མར་མྱོང་བའི་སྔ་ལྟས་དང༌། སྡིག་ཅན་འགའ་ཞིག་གནས་སྐབས་བདེ་བས་ལྷག་པར་འཚོ་བ་ནི་མཐར་ཐུག་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པ་བརྒྱུད་མར་མྱོང་བའི་སྔ་ལྟས་ཡིན་པས།དེ་ལྟར་མཐོང་བ་ན་ལས་འབྲས་ལ་ལྷག་པར་ཡང་ཡིད་ཆེས་པར་རིགས་ཀྱི་ལོག་ལྟར་བྱར་མི་རིགས་སོ།། འདི་དག་ཤིན་ཏུ་གནད་ཆེ་བས་ད་དུང་དཔེ་དང༌། ལོ་རྒྱུས་ཀྱི་སྒོ་ནས་ཀྱང་ངེས་པ་བསྐྱེད་པར་བྱ་སྟེ། དཔེར་ན་ཞིང་ས་འགའ་ཞིག་ཏུ་སྨན་གྱི་ས་བོན་བཏབ་པའི་རྗེས་ལ་དུག་གི་

མྱུ་གུ་སྐྱེ་བའང་ཡོད་མོད་ཀྱི། འོན་ཏེ་དེ་ནི་སྔར་བཏབ་པའི་དུག་གི་ས་བོན་ལས་སྐྱེ་བ་ཡིན་གྱི།ད་ལྟ་བཏབ་མ་ཐག་པའི་སྨན་གྱི་ས་བོན་ལས་སྐྱེ་བ་མིན་ཏེ། དེ་ནི་གཞི་ནས་སྐྱེ་རྒྱུར་བསྡད་ཡོད་པའི་ཕྱིར་དང༌། སྨན་གྱི་ས་བོན་ལས་དུག་གི་མྱུ་གུ་སྐྱེ་བའི་གནས་མེད་པའི་ཕྱིར་རོ།། དཔེ་དེ་བཞིན་དུ་ལས་དགེ་བ་བྱས་པའི་རྗེས་ལ་འབྲས་བུ་སྡུག་བསྔལ་འབྱུང་བའང་སྲིད་མོད་ཀྱི། འོན་ཏེ་དེ་ནི་སྔར་བྱས་པའི་མི་དགེ་བའི་ལས་ལ་བརྟེན་ནས་འབྱུང་བ་ཡིན་གྱི་ད་ལྟ་བྱས་མ་ཐག་པའི་དགེ་བའི་ལས་ལ་བརྟེན་ནས་མིན་ཏེ། དེའི་འབྲས་བུ་བདེ་བ་ཕུན་སུམ་ཚོགས་པ་གཞི་ནས་འབྱུང་རྒྱུར་བསྡད་ཡོད་པའི་ཕྱིར་དང༌། ལས་དཀར་པོ་དགེ་བ་ལ་བརྟེན་ནས་འབྲས་བུ་ནག་པོ་སྡུག་བསྔལ་འབྱུང་བའི་གནས་མེད་པའི་ཕྱིར་རོ།། ལས་མི་དགེ་བ་བྱས་པའི་རྗེས་ལ་འབྲས་

བུ་བདེ་བ་འབྱུང་བའི་དཔེ་དོན་ཡང་སྔ་མ་ལས་ཟློག་ནས་སྦྱར་རྒྱུ་ཡིན་ལ་འཕགས་པ་སྒུར་ཆུང་སོགས་ཆོས་པ་འགའ་ཞིག་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཇི་ལྟར་བྱུང་བ་དང༌། རྒྱལ་བུ་གཙུག་ཕུད་ཅན་སོགས་སྡིག་ཅན་འགའ་ཞིག་ལ་བདེ་བ་ཕུན་སུམ་ཚོགས་པ་ལྟར་བྱུང་བའི་ལོ་རྒྱུས་ཀྱང་སྐབས་འདིར་སྦྱར་ནས་བསམ་པར་བྱ་བ་ཡིན་ནོ།། འོ་ན་དེ་ལྟར་ཡིན་ཚེ་ཆོས་བྱས་པ་བཞག་ནས་ཆོས་མིན་སྤྱད་པར་རིགས་སམ་སྙམ་ན། མ་ཡིན་ཏེ། དཔེར་ན་དུག་མངར་མོ་ཟོས་ན་ཟོས་པའི་རིང་ལ་བདེ་བ་ཕྲ་མོ་འབྱུང་མོད་ཀྱི། ཕུགས་སུ་གནོད་པས་ཟར་མི་རུང་ལ།སྨན་བསྐ་བོ་བསྟེན་ན་ཟོས་པའི་རིང་ལ་སྡུག་བསྔལ་ཕྲ་མོ་འབྱུང་མོད་ཀྱི། ཕུགས་སུ་ཕན་པས་ནན་གྱིས་བསྟེན་འོས་པ་ལྟར། སྡིག་སྤྱད་པས་རེ་ཞིག་བདེ་བ་ལྟར་སྣང་ཡང་ཕུགས་སུ་གནོད་པས་བྱར་མི་རུང་ཞིང༌། ཆོས་བྱས་ན་རེ་ཞིག་དཀའ་བ་ལྟར་སྣང་ཡང་ཕུགས་སུ་བདེ་བས་ནན་རྣམ་གྱིས་བྱེད་འོས་པ་སྟེ། སྐྱེས་རབས་ལས། མི་ཡི་བདག་པོ་འཇིག་རྟེན་སླད་མ་ལའང་ལྟ་བའི་རིགས།། དེ་བས་དགའ་ཡང་ཕན་པ་མ་ཡིན་བསྟེན་མི་རིགས།། ལམ་གང་ཡིད་དུ་འོང་ལ་གྲགས་དང་མི་འགལ་བ།། དེ་ནི་མི་དགའ་བ་ཡང་སྨན་བཏུང་བཞིན་དུ་བསྟེན་པའི་རིགས།། ཞེས་དང༌།འདུལ་བ་ལས། གང་ལས་སྡུག་བསྔལ་འབྱུང་བ་ཡི།། བདེ་བ་དེ་ལ་བདེར་མི་སེམས།། གང་ལས་བདེ་བ་འབྱུང་བ་ཡི།། སྡུག་བསྔལ་དེ་ལ་བདེ་བར་སེམས།། ཞེས་གསུངས་པ་ལྟར་རོ།།

འདིར་སྨྲས་པ། སྐྱེ་བོ་ཕལ་ཆེར་ཆོས་ལ་མི་མོས་ཏེ།། འགའ་ཞིག་མོས་ཀྱང་ཆོས་ཀྱི་གནད་མི་ཤེས།། ཤེས་རློམ་དག་ཀྱང་མཐིལ་ཕྱིན་མི་ཤེས་པས།། རྩ་བ་བོར་ནས་ཡལ་ག་ཉིད་ལ་རྒྱུག །གང་དག་ཚེ་རབས་སྔ་ཕྱི་ཡོད་ལུགས་དང༌།། དཀར་ནག་ལས་འབྲས་ཇི་ལྟར་མི་བསླུ་ཚུལ།། མི་ཤེས་པའམ་ཚིག་ཙམ་ཤེས་ཀྱང་ནི།། ཡིད་མི་ཆེས་པ་དེ་དག་ཡ་མ་བརླ།། ལོག་སྨོན་མཐུ་ལྡན་བདུད་རིགས་འབྱུང་པོའ་ིབྱས།། བསྟན་ལ་རྒོལ་བའི་ཧུང་སྒྲ་བསྒྲགས་པ་ལ།། སྙིང་གིས་མི་བཟོད་འཆལ་གཏམ་འདི་ཐལ་གྱི།། རྙེན་བཀུར་གྲགས་སྙན་འདོད་ཕྱིར་མ་ལགས་སོ།། སྔོན་སྦྱངས་ལས་འཕྲོའ་ིས་བོན་མི་ཉམས་ཤིང༌།། བླ་མ་ལྷ་ཡི་ཐུགས་རྗེ་དྲོད་གཤེར་སོགས།། ལྷན་ཅིག་ཚོགས་ན་དུས་ཀྱི་མཐའ་འདིར་ཡང༌།། ལེགས་བཤད་གསར་པའི་མྱུ་གུ་ཅིས་མི་འབྱུང༌།། ཚུལ་འདི་རང་བློས་དཔྱད་དེ་བྲིས་པ་ལས།། གཞན་གཞུང་བརྐུས་པའི་ཉེས་པ་མ་མཆིས་མོད།། འོན་ཏེ་བྱིས་བློས་མི་འཆུན་གང་ལགས་པ།། བླ་མ་ལྷ་ཡི་སྤྱན་སྔར་སྙིང་ནས་འཆགས།། འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན།། སྐྱེ་ཞིང་སྐྱེ་བར་ལོག་ལྟས་མི་གཡོ་བར།། ཆོས་ཚུལ་ཀུན་ལ་ཚད་མས་ངེས་རྙེད་ནས།། ཆོས་བཞིན་སྒྲུབ་པས་དུས་རྣམས་འདའ་བར་ཤོག། ། །ཅེས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བསྐལ་བཟང་མགུལ་རྒྱན་ཞེས་བྱ་བ་འདི་ཡང་བཙུན་གཟུགས་ལམ་མིང་ངག་དབང་ཕུན་ཚོགས་པས་སྦྱར་བའོ།།། ། དགེ་ལེགས་འཕེལ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།