རི་བོ་དགེ་ལྡན་པའི་མཁས་གྲུབ་རིམ་བྱོན་གྱི་གསུང་བཏུས་རིན་ཆེན་བང་མཛོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-12 21:18:55     རྩོམ་པ་པོ།   དགེ་ལུགས་པའི་མཁས་གྲུབ་རིམ་བྱོན    ཀློག་ཐེངས།  

རང་གི་སྟོན་པ་ལ་སོགས་པའི་སྐྱབས་གསུམ་ཐར་འདོད་ཀྱི་སྐྱབས་ཡིན་གྱི། དེ་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་སྐྱབས་གཏན་མིན་ནོ་སྙམ་པའི་ངེས་པ་མ་དྲངས་ན། རང་གི་སྐྱབས་གནས་ལ་རྩེ་གཅིག་པའི་བློ་བརྟན་པོ་མི་འབྱུང་ལ། དེ་འབྱུང་བ་ཡང་ལུགས་གཉིས་ཀྱི་སྐྱོན་ཡོན་རིགས་པས་མཐོང་བ་ལ་རག་ལས་པས། མུ་སྟེགས་བྱེད་དངོས་སུ་ཡོད་དམ་མེད་ཀྱང་སླ་ཡི་བློ་གྲོས་ཆེ་བ་རྣམས་ཀྱིས་སྐྱབས་འགྲོའི་བློ་ཁྱད་པར་ཅན་སྐྱེད་པར་འདོད་ན་སྔར་ལྟར་བྱའོ། །དེས་ན་སྡེ་བདུན་ལ་སོགས་པ་རིགས་པའི་བསྟན་བཅོས་རྣམས་ནི། རང་གི་སྟོན་པ་སངས་རྒྱས་དང་དེའི་བསྟན་པ་ལུང་རྟོགས་གཉིས་དང་དེ་དག་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་བྱོས་ཤིག 

                                    རྗེ་བདག་ཉིད་ཆེན་པོས། 

རང་ཉིད་སྤྱིར་འཁོར་བའི་ཉེས་དམིགས་དང་། ཁྱད་པར་དུ་ངན་འགྲོའི་ཉེས་དམིགས་ལེགས་པར་བསམ་ནས་འཇིགས་པ་དྲན་པ་དང་། དཀོན་མཆོག་གསུམ་ལ་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཤེས་པའི་རྒྱུ་གཉིས་ལ་བརྟེན་ནས། དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་བློ་ལྟོས་འཆའ་བའི་སྐྱབས་འགྲོ་ཡིད་ལེགས་པར་འཁུལ་བ་སྔོན་དུ་བཏང་ཞིང་། སྐྱབས་འགྲོའི་བསླབ་བྱ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ།།

དེ་ལྟར་བྱས་ན་རྒྱལ་བའི་ཐུགས་རྗེ་ཞུགས་ནས་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་འགྱུར་བས། དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལོན་པ་ཡིན་གྱི། སྐྱབས་འགྲོ་ཡིད་འཁུལ་ནུས་པ་རེ་ཡང་མེད་པར། ཐོས་བསམ་སྒོམ་པ་ལ་འབད་པ་སྐད་བྱེད་པ་ནི་འབྲས་བུ་ཤིན་ཏུ་ཆུང་ངོ་།།                                                    

  རྒྱལ་ཚབ་ཐམས་ཅད་མཁྱེན་པས།

དེ་ཡང་བདག་གི་དགེ་བའི་བཤེས་གཉེན་གཅིག་ཏུ་བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པ།བཤད་པ་དང་སྒྲུབ་པ་ཡོངས་སུ་རྫོགས་པའི་ཡོན་ཏན་ཚོགས་ཀྱིས་གོང་ནས་གོང་དུ་གྲུར་པ།འགྲོ་བ་མགོན་མེད་པ་་རྣམས་ལྷག་པར་ཡང་ཐུགས་རྗེའི་ཡུལ་དུ་མཛད་པ་དག་ལས་འདི་ལྟར་རྗེས་སུ་ཐོས་ཏེ།འོ་སྐོལ་དལ་བའི་རྟེན་བཟང་བོ་ཐོབ་པའི་དུས་འདིར་འཇིག་རྟེན་པའི་རྒན་པོ་རྣམས་ཀྱི་ལུགས་ལས་ཆེས་ཁྱད་ཞུགས་པའི་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་ཁྱད་པར་ཅན་མ་བསྒྲུབས་ན།བློ་དུད་འགྲོ་ལས་ཆེར་མ་སྤགས་པ་ཡིན་པས་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེགས་པར་ལོན་པ་དགོས་ལ།དེ་ཡང་རྒྱལ་བ་སྲས་དང་བཅས་པའི་དམ་པ་རྣམས་ཀྱིས་གསུངས་པའི་གཞུང་ཆེ་བ་རྣམས་གདམས་ངག་ཏུ་ཤར་ནས་དེའི་དོན་རྩེ་གཅིག་ཏུ་སྒྲུབ་པས་ཉམས་སུ་ལེན་པ་ལས་མཆོག་ཏུ་གྱུར་པའི་རྒྱལ་བ་དགྱེས་པའི་མཆོད་པ་གཞན་མེད་གསུང་།

                                         རྒྱལ་ཚབ་ཐམས་ཅད་མཁྱེན་པས།

ཐོས་སྒོམ་བྱས་ནས་ཡུན་རིང་ལོ་ལོན་ཀྱང་།།

རྐྱེན་དང་འཕྲད་ཚེ་དུག་གསུམ་འཕེལ་བ་ནི།།

སེམས་འདི་མ་ཐུལ་བ་ཡི་སྐྱོན་ཡིན་པས།།

ཆོས་ཀུན་རྩ་བ་སེམས་ངོ་འཕྲོད་པར་གྱིས།།

གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་དོན་འགྲུབ་ཀྱིས།

 སངས་རྒྱས་བསྟན་པའི་ཉི་མ་ནུབ་རིའི་རྩེར་ཕྱོགས་པས།།

ཆོས་གཟུགས་ཕལ་ཆེར་ཆོས་དང་རྒྱབ་འགལ་དུ་སོང་ནས།།

ལག་ལེན་ཅི་བྱས་ཚེ་འདིའི་ཕྱིད་ཐབས་སུ་འདུག་པ།།

བསྟན་པའི་གཟུགས་བརྙན་ཙམ་གྱི་སྣང་ཚུལ་འདི་སྐྱོ་བ།།

                                     

ཆེས་ཆེར་སྙིགས་མ་ལྔ་བདོའི་དུས་ཚོད་དུ་སོང་བས།།

གང་དུ་བལྟས་ཀྱང་གཡོ་སྒྱུ་ཟོལ་ཟོག་གི་སྦྱོར་བ།།

ལོ་དང་ཟླ་བ་རེར་ཡང་ཇེ་མཐུ་རུ་འདུག་པ།།

ཚེ་ལོ་བཅུ་བར་ཉེ་བའི་སྣང་ཚུལ་འདི་སྐྱོ་བ།།

རྒྱལ་མཆོག་བདུན་པས།


རང་དབང་ཡོད་བཞིན་ཐར་དཀའ་བའི།།

བཙོན་ར་དམ་པོ་དེ་གང་ཡིན།།

ཕ་མ་ཉེ་དུ་འབྲེལ་བ་ཡི།།

ཁྱིམ་ཁང་མི་གཙང་དེ་ཉིད་དོ།།


བཙོན་ནས་ཐར་ཀྱང་འཆིང་བྱེད་པའི།།

ལྕགས་སྒྲོག་དམ་པོ་དེ་གང་ཡིན།།

བས་མཐའ་དགོན་པའི་གནས་མལ་དུ།།

འཇིག་རྟེན་སྤྱོད་པར་ཞེན་པ་འོ།།


བཏུད་ཀྱང་གནོད་པ་འབའ་ཞིག་གིས།།

འཕུང་བྱེད་གདོན་དེ་གང་ཞིག་ཡིན།།

ཉོན་མོངས་ཉེས་སྤྱོད་འཕེལ་བྱེད་པའི།།

སྡིག་པའི་གྲོགས་པོ་ངན་པ་འོ།།


རང་གིས་རང་ཉིད་སྡུལ་བསྔལ་ལ།།

སྦྱོར་བའི་སྨྱོ་ཐབས་མཁན་སུ་ཞིག།

བདེ་དང་འབྱོར་དང་གྲགས་པའི་ཕྱིར།།

དུང་སེམས་ཤ་ཐང་ཅན་རྣམས་སོ།།


བས་མཐའ་དགོན་པར་གནས་བཅས་ཏེ།།

གཞན་འབྱོར་འཕྲོག་པའི་མི་རྒོད་སུ།།

རྟག་ཏུ་བག་མེད་འདའ་བ་ཡི།།

དཀོར་ཟན་སེར་མོའི་གོས་ཅན་ནོ།།


མི་མངོན་ཆུད་ཟར་བྱེད་པ་དང་།།

རྟག་ཏུ་གཡེང་བའི་རླུང་དེ་གང་།།

གང་ཞིག་དོན་དང་མི་ལྡན་པའི།།

འཆལ་གཏམ་ཀྱལ་བ་སྨྲ་བ་འོ།།


རྐང་གཉིས་མ་དང་ལྷན་ཅིག་པར།།

འགྲེང་བའི་དུད་འགྲོ་དེ་སུ་ཞིག།

ཤེས་བྱའི་གནས་ལ་རྨོངས་པ་ཡི།།

ཡོན་ཏན་མི་ལྡན་སྐྱེ་བོ་འོ།།


ཡི་ག་འཆུ་ཡང་སྲོག་འཚོ་བའི།།

སྨན་མཆོག་རྙེད་དཀའ་དེ་གང་ཞིག།

མཚང་ནས་རྒོལ་བར་བྱེད་པ་ཡི།།

ཕན་ཚིག་དྲང་བོར་བརྗོད་པ་འོ།།

དེང་དུས་ཀྱི་མིས་ཆོས་བརྒྱད་ཀྱི་ཕྱོགས་བཟུང་ནས་ཐོས་པ་བྱེད་མཁན་ལའང་རྙེད་བཀུར་དང་གྲགས་ལ་འདོད་པ་ཨེ་ཡིན། ཆོས་ཉན་ནས་སུ་ལ་བཤད་རྒྱུ་ཡིན་ཟེར་མཁན་ཡོད། དེ་དག་གིས་རང་རྒྱུད་འདུལ་བའི་ཐབས་སུ་ཉན་པ་མ་གོ་བས། དེའི་ཁར་ཉན་ན་ཆོས་ལ་དོན་གཉེར་གྱི་འདུན་པ་ཇེ་ཞན་དུ་སོང་སྟེ་ཆོས་ཐུན་གཅིག་ཆད་པ་ལ་དོང་ཙེ་ཁ་ཤས་བོར་བའི་སྣང་བ་ཡང་མེད་པས་མི་རིགས་གསུངས།

                                 མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་སློབ་མས་བརྟན་བཞུགས་ཕུལ་ན་བཟང་མོད་ཀྱང་ཅི་གསུངས་བཀའ་བཞིན་སྒྲུབ་པ་གཙོ་བོ་ཡིན་ཞེས། སློབ་མ་ངན་པས་སྒོ་གསུམ་གྱི་སྤྱོད་ཚུལ་ལ་མངོན་ལྐོག་བྱས་པའི་གཟུགས་བརྙན་བླ་མའི་ཐུགས་ཀྱི་མེ་ལོང་དུ་ཤར་ཏེ་ཐུགས་དཀྲུགས་པ་དེ་འདྲ་མ་ཡིན་པར། བླ་མའི་བཀའ་སྤྱི་བོར་བླངས་ནས་གསུང་བཞིན་བསྒྲུབས་ན་བླ་མ་ལ་གཞན་དོན་མ་གཏོགས་ཐུགས་ལ་དགོངས་རྒྱུ་མི་སྲིད་པས་དགྱེས་བཞིན་བརྟན་པར་བཞུགས་ནས་བུ་སློབ་རྣམས་ཀྱི་བགེགས་དང་བར་ཆད་ཞི་ཕྱིར་སྲུང་འཁོར་བསྒོམ་པ། མཁའ་འགྲོ་ཆོས་སྲུང་ལ་འཕྲིན་ལས་བཅོལ་བ། ཚེ་རིང་བ། ཤེས་རབ་འཕེལ་བ། ལམ་བཟང་སྒྲུབ་པའི་འཚོ་ཆས་ཀྱིས་མི་འཕོངས་པ་སོགས་གནས་སྐབས་དང་། མཐར་ཐུག་གཏན་བདེའི་ལེགས་ཚོགས་འགྲུབ་པའི་ཐབས་ཚུལ་བདག་གིར་བཞེས་པ་ཡིན་ནོ།།  

རྟེན་འདི་འཕྲལ་ཕུགས་གང་ལ་ལྟོས་ན་དོན་ཆེ་མོད། ལུས་འདི་འདྲ་ཡང་ཡང་ཐོབ་ཡོང་བས་དེ་དང་དེའི་སྐབས་སུ་ཆོས་སྒྲུབ་ན་ཆོག་གམ་ཕྱིས་ནས་འདི་འདྲའི་རྟེན་བཟང་བོ་ཐོབ་པར་དཀའ། སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལ་དགེ་རྩ་རྣམ་དག་སྣ་རེ་བྱེད་དགོས་ཤིང་། ཁྱད་པར་དལ་འབྱོར་ཚང་བའི་རྟེན་འདིའི་སྟེང་ནས་བསམ་བློ་བཏང་ན། སྔ་མ་གར་སྐྱེས་རང་གི་ལུས་ལ་ལྟོས་ན་ཤེས་པས། སྦྱིན་པ་ཨེ་བཏང་ལོངས་སྤྱོད་ལ་ལྟོས། ཚུལ་ཁྲིམས་ཨེ་བསྲུངས་རྟེན་ལ་ལྟོས། བཟོད་པ་ཨེ་བསྒོམས་ཁ་དོག་ལ་ལྟོས་ན་ཤེས། ཕྱི་མ་གར་འགྲོ་རང་གི་སེམས་ལ་འདྲི་དགོས་ན། སྦྱིན་པ་སོགས་གཏོང་འདོད་ཨེ་ཡོད་སྨོན་ལམ་ཡང་རྣམ་དག་ཅིག་འདེབས་འདོད་ཨེ་འཆིས་སྙམ་དུ་དལ་འབྱོར་གྱི་རྒྱུ་གསུམ་ལ་འབད་ན་ལོང་བས་གླང་མཇུག་ཟིན་པ་བཞིན་དེ་ལས་དོན་ཆེན་པོ་འགྲུབ་རྒྱུ་མེད།                                           

ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོ་བཏང་བ་ལས། ཆོས་ཀྱི་སྦྱིན་པ་ཚིགས་བཅད་གཅིག་བརྗོད་པ་ཕན་ཡོན་ཆེ་བ་དང་། ཟང་ཟིང་གི་མཆོད་པ་ལས། སྒྲུབ་པའི་མཆོད་པ་དཔེ་ཆ་འཛིན་སྐྱོར། གཞུང་གི་གོ་དོན་འཚོལ་བ། ཐོས་དོན་ཉམས་སུ་བླངས་ཏེ་རྩོད་པ་བྱེད་པ་སོགས་ཕན་ཡོན་ཆེ།    

རིགས་ཕུན་སུམ་ཚོགས་པའི་རྒྱུ་ནི། དེང་དུས་བླ་མ་དང་མཁན་སློབ་དགེ་རྒན་སོགས་ལ་དེ་དང་དེར་མི་འཛིན་པ་བསྟན་པ་ཉམས་པའི་རྟགས་ཡིན་པས་ང་རྒྱལ་སྤངས་ཤིང་། དེ་དག་ལ་སྔོན་དུ་ལྡང་བ་དང་། གུས་ཕྱག་བྱེད་པ། གཞན་ཡང་རྒན་པས་གཞོན་པ་ལ་བརྩེ་སེམས་ཀྱིས་བསླབ་བྱ། གཞོན་པས་རྒན་པ་ལ་གུས་པའི་སྒོ་ནས་ཞེ་ས་དང་། ཞབས་འདེགས་ལ་བརྩོན་པ་ལྷུར་ལེན་པ་ཡིན། 

ལུས་སེམས་སྟོབས་དང་ལྡན་པའི་རྒྱུ་ནི། དེང་དུས་རླུང་རྟ་བསྐྱེད་པ་ཞེས་པ་བོན་ལུགས་ཀྱི་དར་ལྕོག་འཛུགས་པ་དར་ཡང་། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ལུས་སྟོབས་རྒྱས་པར་འདོད་པས་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ལ་ཐལ་བས་བྱུགས་རིས་བགྱིས་པར་བྱའོ་གསུངས་པ་ལྟར། མཆོད་རྟེན་། དགེ་འདུན་གྱི་གཙུག་ལག་ཁང་སོགས་ལ་ས་དཀར་དམར་སོགས་གསོལ་བ་དང་། དེ་དག་གི་སྒོ་ཡོལ་དར་གྱིས་ཤམ་བུ་སོགས་ཕུལ་ན། རིའི་རྩེ་མོར་རས་བཙུགས་པ་ལས་ཁྱད་དུ་འཕགས་པར་གསུངས།  

ད་ལྟ་རང་དབང་ཡོད་དུས་འདིར་གྲོང་ཁྲོད་དུ་མི་འགྲོ་བར་དགོན་པར་བསྡད་དེ། མང་ཐོས་ཡོན་ཏན་གྱི་སྐྱེས་བུ་དམ་པ་ལེགས་པར་བསྟེན། ལྟ་སྤྱོད་མཐུན་ཞིང་དགེ་ཆོས་ཀྱི་ཕྱོགས་ལ་ཡང་དག་པར་བསྐུལ་བའི་ཁྲིམས་ལྡན་གྱི་གྲོགས་བཟང་བོ་མིག་ཟུང་དུ་ལྕི་ཡོ་རེ་བ་དཔུང་གདེངས་བསྒྲིལ་ནས་བཞུགས་པ་དང་ལྷན་དུ་བྱང་ཆུབ་ལམ་རིམ་ཁོ་ན་ཤེས་བྱེད་ཀྱི་ཐབས་ལ་ཡིད་གཏོད་པའི་ལེགས་སྨོན་ཚང་བར་བྱས། སྔོན་ཡང་བསོད་ནམས་ཀྱི་མཐུ་ཆེ་མོད། ད་ལྟ་ཡང་ཆོས་བྱེད་པ་ལ་བར་ཆད་མི་འབྱུང་ཞིང་། བྱུང་ཡང་མི་ཚུགས་པར་བྱ་བའི་ཚོགས་བསགས་ཀྱིས་རྒྱབ་འཁྱོག་པ་ཞིག་ལག་ལེན་ལ་འདེབས་པར་མཛོད།

དཀོན་མཆོག་སྤྱི་བོར་བཟུང་ནས་རྒྱུན་དུ་མཆོད་པ། རྣམ་སྨིན་ལ་འཇིགས་ནས་ལས་འབྲས་ཀྱི་བླང་དོར་འབྱེད་པ། ཚུལ་ཁྲིམས་དག་པའི་སྟེང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱངས་ཏེ་རང་རྒྱུད་འདུལ་བའི་ཉམས་ལེན་ལ་བརྩོན་པ་ནི་རྭ་སྒྲེང་དུ་བཞུགས་པའི་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་རྣམ་ཐར་ཡིན་ནོ།།  

མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། སྟོན་པ་དང་དེས་བཅས་པའི་བསླབ་བྱ། དེ་ཉམས་སུ་ལེན་པའི་ཁྲིམས་གྲོགས་ཚངས་པར་སྤྱོད་པ་རྣམས་ལ་སྙིང་ནས་གུས་པར་བྱས་ཏེ། མངོན་ཤེས་ཡོད་ཟེར་བ་དང་། ལྷའི་ཞལ་མཐོང་ཟེར་བ་སོགས་རྩིས་མི་བྱེད་པར་ཚུལ་ཁྲིམས་དག་པ་ལ་ཡོན་ཏན་གྱི་མཆོག་ཏུ་འཛིན་པར་བྱའོ།།   

 ཐོས་བསམ་སྒོམ་གསུམ་སོགས་དགེ་བའི་བྱ་བ་གང་ལས་ཀྱང་། བླ་མའི་ཡོན་ཏན་བསམ་པའི་སྒོ་ནས་དད་གུས་དྲག་པོ་བྱེད་པ་བོགས་ཆེ་སྟེ། ཏེ་ལོ་བས་ན་རོ་བ་ལ། བོགས་འདོན་ཀུན་ཀྱི་མཆོག་གྱུར་པ། །བླ་མ་ཡིན་ནོ་ནཱ་རོ་བ། །ཞེས་གསུངས་ཤིང་། རྨོག་ཅོག་པ་ཆེན་པའི་ཞལ་ནས། སྒོམ་སྲན་གྱི་གྲོལ་བ་ཐེ་ཚོམ་ཟ། །དད་གུས་ཀྱི་གྲོལ་བ་ཐེ་ཚོམ་མེད། །ཐུགས་རྗེ་ཆེན་པོ་རང་དཀར་ནའང་དཀར། རྗེ་མ་རང་དམར་ནའང་དམར། ཀྱཻ་རྡོར་རང་སྔོ་ནའང་སྔོ། ཁོ་བོ་ནི་བླ་མའི་སྣང་བ་དང་བྲལ་མ་མྱོང་། ཚེ་གཅིག་གིས་སངས་རྒྱས་བྱ་བ་དེ་ད་ཡོང་ཡོང་འདྲ་གསུངས།

                                                                            ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས།

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་རྗེ་བླ་མའི་སྙན་བརྒྱུད་ཐུན་མོང་མིན་པ་སངས་རྒྱས་ལས་ཀྱང་དཀོན་པའི་བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས་ཀྱི་གདམས་པ་འདི་ཉིད་ཉམས་པ་ལ་ལྷག་པར་བཟོད་གླགས་མེད་པའི་ཐུགས་ཀྱིས་གདམས་པ་དེ་རྣམས་ཀྱི་ཆོ་ག་ནག་འགྲོས་སུ་བཀོད་པ་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་མར་གྲགས་པ་འདི་ཉིད་མཛད་པས། དེང་དུས་སྐྱ་སེར་བྱིས་པ་ཀློག་ཤེས་པ་ཚུན་ཆད་ཀྱིས་ཀྱང་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རིག་པའི་གནས་ལྔ་ལ་སྦྱངས་པའི་མཁས་པར་གྲགས་པ་རྣམས་ཀྱིའང་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ལ་ཅི་དགར་སྤྱོད་ཆོག་པ་འདི་བཞིན་བྱུང་བས་པཎ་ཆེན་བློ་བཟང་ཆོས་རྒྱན་དགེ་ལུགས་པའི་ཕྱོགས་འཛིན་ཀུན་ལ་བཀའ་དྲིན་ཆེ་ཟེར་བ་ཡང་དེ་ལ་ཟེར་གྱི། བརྒྱ་བཞི་དང་། ཁ་འབར་མ་སོགས་གྲོང་ཆོག་གི་ཟ་ཆོས་འཐུང་ཆོས་འགའ་ཞིག་ལྗགས་རྩོམ་མཛད་པ་ལ་བཀའ་དྲིན་ཆེ་བར་འཛིན་ཅིང་སྨྲ་བ་ནི་རང་གི་མཚང་འདྲུ་བ་མེད་པར་རྡོལ་བའི་གཏམ་ཡང་དག་པའོ།། 

                                      བྱ་བྲལ་རྒྱལ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མས།

ཚེ་འདི་ལ་བློ་མ་ལོག་ན་ཆོས་ཅི་ཙམ་ཉམས་སུ་ལེན་པ་ལྟར་བྱས་ཀྱང་། ཕྱི་མའི་བདེ་འགྲོའི་རྒྱུར་འགྲོ་བ་ཡང་དཀའ་ཞིང་། སྡོམ་གསུམ་གང་གི་ཡང་བཅས་མཚམས་དག་པ་ཡོད་མི་ཐུབ་པའི་རྩ་བ་ཡང་འདི་ལ་ཐུག་པས། ལམ་གོང་མ་ཐམས་ཅད་ཀྱི་ཕྱི་སྒོ་བཀག་ཡོད་ཚུལ་ཤེས་པར་བྱས་ཏེ། སྐྱུ་ཟབ་པ་ལས་སྐྱུ་རྩ་ལ་གཟབ་དགོས་གསུངས་པའི་དཔེ་ལྟར། ལམ་གྱི་རྩ་བ་ལ་འབད་དགོས་སོ།།ཐུན་མོང་བའི་ལམ་འདི་དག་གི་ཕྱོགས་ཙམ་དུ་བློ་མ་སོང་བ་ལ་རིམ་གཉིས་ཀྱི་རྟོགས་པ་ཀློང་བརྡོལ་བ་སྐད་ཀྱི་གྲུབ་རྫུས་རྒྱལ་བསྟན་སྣུམ་ཟད་ཀྱི་མར་མེ་ལྟ་བུ་འདི་གཏན་མེད་དུ་གཏོང་བ་ལ་རིངས་བའི་བདུད་ཀྱི་ཕོ་ཉས་ས་ཁྱབ་པའི་དུས་འདིར་རང་གིས་རང་རྒྱུད་ཆོས་དང་བསྟུན་པའི་ཞུས་དག་ཤིན་ཏུ་གལ་ཆེའོ།།

                                                ཞང་སྟོན་བསྟན་པ་རྒྱ་མཚོས། 

སྤྱིར་ཡང་གཞི་བདེན་པ་གཉིས་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པ་ཤེས་ནས། དེ་ལ་བརྟེན་ནས་ལམ་ཐབས་ཤེས་ཟུང་འབྲེལ་གྱིས་འབྲས་བུ་སྐུ་གཉིས་སྒྲུབ་པ་ནི། ཐེག་ཆེན་གྱི་ལམ་གྱི་སྡོམ་མཐར་ཐུག་ཡིན་ལ། དེ་ཉིད་ཆ་ཚང་ཞིང་རྒྱས་པར་སྟོན་པས་ན་ཤེར་མདོ་ནི་མདོ་སྡེ་ཀུན་གྱི་མཆོག་ཏུ་བསྔགས་སོ། །དེའི་སྙིང་བོའི་ཡང་སྙིང་གི་ཚུལ་དུ་གཞིའི་གནས་ཚུལ་ཕྲ་རགས་ལེགས་པར་ཤེས་ནས་ལམ་ཐབས་ཤེས་ཐུན་མོང་མིན་པ་སྒྱུ་འོད་ཟུང་དུ་འབྲེལ་བས། འབྲས་བུ་སྐུ་གསུམ་མྱུར་ཏུ་འགྲུབ་ཚུལ་འདི་ནི། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད་དང་བསྟན་པའི་ཡང་སྙིང་ཡིན་ནོ། ཚུལ་འདི་ལ་དགོངས་ནས་རྒྱལ་སྲས་སྙིང་སྟོབས་ཆེན་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ནང་ནས་འདི་ཉིད་དམིགས་ཀྱིས་བཀར་སྟེ་ཐུགས་བསྐྱེད་དང་དམ་བཅའ་མཛད་པས། རྒྱལ་བ་སྲས་བཅས་ཀྱིས་བསྔགས་བརྗོད་ཆེས་ཆེར་མཛད་པ་དང་། དེའི་འབྲས་བུ་དུས་སུ་སྨིན་པའི་འཇམ་མགོན་ཙོང་ཁ་བ་ཆེན་པོ་ནི། བྱིས་པའི་གཟུགས་བཟུང་ཙམ་ལས་མཛད་པ་སངས་རྒྱས་དང་མཉམ་པར་བསྟན་པའི་བདག་པོས་རྒྱུད་སྡེ་ཚད་མ་ལས་ལུང་བསྟན་པ་འདི་འདྲ་བ་གཞན་སུ་ལ་ཡང་མེད་ཀྱང་། རྗེ་དེའི་བསྟན་པ་ནི། རྒྱལ་བའི་བསྟན་པའི་ཡང་སྙིང་ཡིན་པར་ལུང་རིགས་རྣམ་དག་གིས་གྲུབ་པ་འདི་ཡིན་པས། བསྐལ་བ་མཐའ་ཡས་པར་མཚན་ཙམ་ཡང་ཐོས་དཀའ་བ་འདི་ལྟ་བུ་དང་མཇལ་བའི་དུས་འདིར། རྗེ་ཉིད་ཀྱི་མདོ་སྔགས་ཀྱི་ལེགས་བཤད་ཆ་ཚང་བ་ལ་བག་ཆགས་ཅི་ཐེབས་ཀྱིས་རང་སྐལ་མ་ཆད་པ་ཅིས་ཀྱང་འབད་པར་བྱའོ། །ཞེས་རང་ཉིད་ལ་གྲོས་བཏབ་པ་ལགས་སོ། །

                                                                                                                                    ཞང་སྟོན་བསྟན་པ་རྒྱ་མཚོས།

རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོའི་ཞལ་ནས། ཕྱི་གོས་དར་གང་ལེགས་ཀྱིས་ཆང་བཞིན་དུ་བསྙལ། ནང་བཟའ་བཏུང་སྣ་ཚོགས་ཀྱིས་ཕག་བཞིན་དུ་གསོས། ཁ་ངོམས་གྲོད་པ་འགྲངས་པའི་སྟབས་ཡག་དུས་སློབ་གཉེར་བྱས། ཉེས་དུས་འཇོག་པ་དབྱར་ཤི་དགུན་ལངས་ཀྱི་རྩྭའི་འབུ་བཞིན་བྱས་ན་ཐ་མལ་བ་ལ་སློབ་གཉེར་ཡག་པོ་ཡོང་བའི་དཔེ་མི་འདུག མིག་མར་བལྟས་མ་བྱས་པར་དཀའ་སྤྱད་དང་དུ་བླངས། བྱང་སེམས་རྟག་ཏུ་ངུ། ནོར་བཟང་། མི་ལ་རས་པ་ཚོ་ལ་མིག་ཡར་བལྟས་བྱས་ཏེ་ཡོན་ཏན་མ་བྱུང་ནའང་བྱེད་ལུགས་འགྱོད་མེད་བསྟན་པའི་མིག་རྐྱེན་ལ་ཕན་པར་བྱས་པ་ཡིན་གསུངས།

རྗེ་ཤེས་རབ་རྒྱ་མཚོས། མཚན་ཉིད་ཀྱི་རྩོད་པ་འདི་མིང་བརྡས་བཞག་ཙམ་རྟོགས་པ་ལ་ཕན་ཆེ་བ་བསྡུས་གྲའི་ཁ་དོག་དཀར་དམར་དུ་རྟ་དཀར་བོ་རྟ་དཀར་བོ་ཡིན་ཀྱང་དཀར་བོ་མིན་ཞེས་པ་ལྟ་བུ་དང་། ཡོད་རྟོགས་མེད་རྟོགས་ཀྱིས་ཚད་གྲུབ་དང་། ཡིན་ལོག་མིན་ལོག་གིས་ཕན་ཚུན་སྤང་འགལ་སྒྲུབ་པ་སོགས་བསྡུས་ཚན་ཉེར་ལྔ་བོ་ཐམས་ཅད་མང་ཞེས་གུང་ཐང་འཇམ་དཔལ་དབྱངས་ཀྱིས་གསུངས། ཆོས་ཀྱི་ཟབ་གནད་བཀའ་པོད་ལྔའི་ནང་ན་ཡོད་པས་དེ་ལ་ཐོས་བསམ་གཙོ་བོར་མ་བྱས་ན་གནད་མི་རྟོགས་པས་མཁས་པ་དང་ཉམས་ལེན་དབུ་ཕར་གྱི་སྟེང་ནས་བྱེད་དགོས། དེའི་གཞིར་རྣམ་འབྲེལ་དང་། དེ་ལ་བསྡུས་གྲ་གལ་ཆེ་བས་དེ་བཞག་ནས་མཛོད་འདུལ་གཙོ་བོར་བྱེད་པ་ལ་མི་འགབ་གསུངས། 

སངས་རྒྱས་ཀྱིས་གདུལ་བྱའི་དོན་ཁོ་ན་ཐུགས་ལ་དགོངས་ནས་དེ་ལྟར་མཛད་ཀྱང་རང་ཅག་ལ་ཞི་འགྱུར་གྱི་བྱ་བ་སྣ་གཅིག་ཀྱང་མེད་པས། ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཞི་འགྱུར་ཡིན་མཛད་ང་ལ་མེད། །བྱས་ན་ཆོག ད་རེས་སྟེས་དབང་གིས་མུན་ཁྲོད་དུ་གློག་འགྱུ་བ་ལྟར་བཀའ་པོད་ལྔ་དང་། བདེ་གསང་འཇིགས་གསུམ་གྱི་ཆོས་སྒྲ་རྣ་བའི་ལམ་དུ་ལྷང་ལྷང་སྙན་པར་སྒྲོགས། དེ་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་གང་འདོད་བྱར་ཡོད་པ་དང་ལན་ཅིག་མཇལ་བའི་དུས་འདིར་བྱ་བ་ཐམས་ཅད་ཆོས་སུ་སོང་ན་རབ། མ་མཐའ་འང་ཞི་འགྱུར་ཡིན་མཛད་ཁ་ཤས་རེ་དགོས། དགེ་བའི་བཤེས་གཉེན། མཚན་ལྡན་གྱི་གྲོགས། ཐར་བའི་གོ་འཕང་གང་ཡང་རྩིས་སུ་མི་བྱེད། མ་མཐའ་ཕྱི་མའི་ངན་འགྲོ་ཁེགས་པ་ཙམ་ཡང་དོན་དུ་མི་གཉེར་བར་སྡིག་པའི་བྱ་བ་དང་། ནོམ་རྫས་འབའ་ཞིག་གི་ཆེད་དུ་མི་ཚེ་སྟོང་ཟད་བྱེད་པ་ཅི་འདྲ་འདུག སངས་རྒྱས་ཀྱིས་རང་རེའི་ཕྱིར་དུ་དེ་ཙམ་ཐུགས་འདང་གནང་བ་ང་ཚོས་བརྗེད་ལུགས་མེད་པས་བག་ཡོད་མཛད་དུ་གསོལ་གསུངས། 

དེང་སང་ཁྱད་མཚར་བ་ཞིག་ལ་དགེ་སློང་སྒྲུབ་རྒྱུ་ཁག་པོ་ལྟ་བུར་མངོན་ཞིང་། གསང་སྔགས་ཉམས་ལེན་བྱེད་པ་སུ་ཡིན་ནའང་བྱེད་ཐུབ་པ་ལྟ་བུ་འདི་དག་ནི་ཐབས་སྡུག་རེད།  ཕལ་ཆེར་དགེ་སློང་སྒྲུབ་ཐུབ། སྔགས་ཀྱི་ཉམས་ལེན་བྱེད་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན། དགེ་སློང་གི་སྡོམ་པ་སྲུང་ཐུབ་མཁན་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་མཁན་དེ་བས་ཉུང་། དེའི་ནང་ནས་ཀྱང་སྔགས་ཀྱི་ཉམས་ལེན་བྱེད་མཁན་དེ་བས་ཉུང་། དེང་སང་སྔགས་པ་བྱེད་རྒྱུ་སླ་བོ་དང་། གྲྭ་བ་བྱེད་རྒྱུར་ཁག་པོ་བལྟ་ཡི་འདུག་པ་འདི་དག་ནི་ཕྱི་ནང་བསློགས་འདུག  

                                                             རྗེ་པད་དཀར་འཛིན་པས།

ད་ཚོད་ངན་སོང་དུ་ཡོད་ན།།

དམ་ཆོས་སྒྲ་ཙམ་ཡང་མི་ཐོས།།

ལྷ་དང་ལྷ་མིན་དུ་སྐྱེས་ཀྱང་།།

རྒྱལ་བསྟན་འདི་འདྲ་དང་མཇལ་དཀའ།།

ལོང་བ་གླེན་ལྐུགས་སུ་སྐྱེས་ན།།

ཆོས་ཀྱི་སྐལ་བ་དང་བྲལ་སོང་།།

མགར་བ་བཤན་པ་འདྲར་སྐྱེས་ན།།

ནང་བ་ཡིན་ཡང་ནི་ཅི་ཡོང་།།

བཟོ་བ་ལས་མི་འདྲར་སྐྱེས་ན།།

སྟོང་ཟད་གར་སོང་ཙམ་མི་ཤེས།།

བྲན་དང་ཁོལ་བོ་འདྲར་སྐྱེས་ན།།

མ་ཎི་འདོན་ལོང་ཙམ་མི་འདུག།

ཆོས་མེད་སེར་གཟུགས་གྲལ་སྐྱེས་ཀྱང་།།

དཀོན་མཆོག་སུ་ཡིན་ཙམ་མི་ཤེས།།

སྐྱ་སེར་མི་དྲག་གྲལ་སྐྱེས་ཀྱང་།།

མི་ཚེ་ཆགས་སྡང་ལ་བསྐྱེལ་དགོས།།

ཐོས་མེད་སྒོམ་རྒན་དུ་སྐྱེས་ཀྱང་།།

ཚེ་གང་ལམ་གོལ་དུ་ཤོར་འདུག །

                                           རྗེ་ཕ་བོང་ཁས།

  རྨི་ལམདགའ་སྡུག་ལོངས་སྤྱོད་འབུམ་མྱོང་ཡང་།།

འཁྲུལ་ངོ་ཙམ་ལས་སད་དུས་མེད་བཞིན་དུ།།

ཐོག་མེད་རྨོངས་ངོའི་དགའ་སྡུག་སྐྱེ་འཆི་སོགས།།

རིག་ངོར་ཀུན་ཞི་ནམ་མཁའི་རེག་བྱ་བཞིན།།


གདོད་མའི་གཤིས་ལ་སྐྱེ་འཆི་ས་ལམ་སོགས།།

ཡོད་མ་མྱོང་ཡང་དེར་ངོ་མ་ཤེས་པར།།

འཁྲུལ་བའི་རབ་རིབ་དབང་གིས་འགྲོ་དྲུག་ཏུ།།

ཟོ་ཆུན་འཕྱན་ལྟར་འཁོར་བར་ཤིན་ཏུ་སྐྱོ།།


གནས་ལུགས་ངོ་འདིར་སུ་ཡང་འཁོར་མིན་ཡང་།།

འཁྲུལ་བའི་ཐ་སྙད་སྒྱུ་མའི་སྔགས་རྫས་འདི།།

མ་ལོག་བར་དུ་སྒྱུ་མ་ཇི་བཞིན་དུ།།

སྣ་ཚོགས་ཀུན་རྫོབ་སྤྱོད་དོ་ཤེས་རབ་ཅན།།


སྒྱུ་མ་བཟང་བོའི་སྒྱུ་མའི་འདོད་ཡོན་ལ།།

བཅོམ་ལྡན་འཁོར་བཅས་རོལ་བས་ཚིམ་པ་ལྟར།།

ཀུན་རྫོབ་ཐ་སྙད་བསོད་ནམས་ཚོགས་བསགས་པས།།

རྒྱས་སྲས་རྣམས་ཀྱིས་སྒྱུ་འདྲའི་སངས་རྒྱས་ཐོབ།།

                                   ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས། 

རང་རེའི་སེམས་ཀྱི་འཆར་སྒོ་ལ་བསྟན་པ་རྒྱས་པ་ནི་རང་རྒྱུད་དང་མ་འབྲེལ་བའི་ཕྱི་རོལ་གྱི་ཆོས་ཞིག་འཆར་ཀྱང་དེ་འདྲ་མ་ཡིན་པར་རང་ཉིད་ལུང་གི་བསྟན་པར་ཞུགས་ནས་དེ་ལ་ཐོས་བསམ་བྱས་པས་རང་རྒྱུད་ལ་རྟོགས་པའི་བསྟན་པ་མ་སྐྱེས་པ་སྐྱེས། སྐྱེས་པ་གནས། གནས་པ་གོང་འཕེལ་དགོས།

དེའི་དང་བོ་སྐྱབས་འགྲོ་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཡིན་པས། དགེ་བསྙེན་ནས་རིམ་པར་ཆོས་ཚིག་བཞི་བ་ཞིག་བློ་ལ་བཟུང་བས་བསྟན་པ་རྒྱས་པའི་མགོ་ཚུགས། ལམ་ལ་རིམ་པར་བསླབ་ནས་སངས་རྒྱས་པ་ན་རང་རྒྱུད་ལ་བསྟན་པ་རྒྱས་པ་མཐར་ཕྱིན་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤེལ་ན་དེ་ལ་བསྟན་པ་རྒྱས་པ་ཟེར་བ་ལས་ཁང་བ་ཕུབས། མང་བོ་འཚོགས་སྟོན་མོ་བྱེད་པ་ལྟར་འུར་ཆེ་བ་བསྟན་པ་རྒྱས་པ་ག་ལ་ཡིན་ཀྱང་དེའི་ཆ་རྐྱེན་དུ་འགྲོ་བས་གཙོ་བོ་རང་གཞན་གྱི་སེམས་རྒྱུད་ལ་ལུང་རྟོགས་འཕེལ་དགོས།

                                                                                                                                     རྗེ་ཤེས་རབ་རྒྱ་མཚོས། 

ཨ་རིག་དགེ་བཤེས་ཀྱི་དྲུང་དུ་སྟོང་སྐོར་གྱི་ཚོང་བ་མང་བོ་ལུང་བསྟན་ཞུར་འོང་བར། ཚོང་དང་ལྟད་མོར་དབུས་ལ་སོང་ཆོག གཞན་དགོས་པ་མེད། སྔོན་ཨ་མདོའི་སྣོད་ལེགས་པའི་ནང་དབུས་གཙང་གི་ཆོས་ཀྱི་བདུད་རྩིས་བཀང་ནས་ཡོང་། ད་ལྟ་ཨ་མདོའི་དུག་གསུམ་གྱི་སྟེང་བོད་པའི་དུག་གསུམ་བསྣན་ནས་འོང་གསུངས།

                            

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།