ཨ་རིག་དགེ་བཤེས་ཆེན་མོའི་འཕྲིན་ཡིག་ཅིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:05:46     རྩོམ་པ་པོ།   ཨ་རིག་དགེ་བཤེས་ཆེན་མོ    ཀློག་ཐེངས།  

ཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཆེན་པོ་རྗེ་ངག་དབང་བྱམས་པའི་ཐུགས་སྲས་ཨ་རིག་དགེ་བཤེས་རིན་པོ་ཆེ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་ཆོས་གསན་བཞེད་སྔར་ནས་ཡོད་ཀྱང་དུས་ལ་མ་བབས་པས་སྟབས་འགྲིག་མ་བྱུང་། ལོ་འཕྲིན་འདིར་རྗེ་ཉིད་ནས་དགེ་བཤེས་རིན་པོ་ཆེའི་མདུན་དུ་ཆོས་བཀའ་ཅི་རིགས་ཞུ་འདུན་ཆེ་ཚུལ་གྱི་གསུང་བཏང་བར་ལན་ཕེབས་འདི་ལྟར། 

༄༅། །ཡོངས་རྫོགས་བསྟན་པའི་མངའ་བདག་སྐུ་གཞོགས་མཆོག་སྤྲུལ་རིན་པོ་ཆེའི་ཞབས་དྲུང་དུ། གུས་པས་ཞུ་གསོལ། དེང་ཕན་བདེའི་འབྱུང་གནས་སུ་གྱུར་བའི་གཟུགས་སྐུ་རགས་པའི་ཁམས་ནི་ཉིན་བྱེད་ལྟར་དྭངས་ཤིང་། བསྟན་འགྲོའི་དཔུང་གཉེན་དུ་བརྟན་པར་བཞུགས་རིང་ནས། བཀའ་རྒྱ་ཉམས་མེད་སྤྱི་བོར་ཕེབས་ཤིང་། བཀའ་ངག་གི་དོན་རྩ་རྣ་བར་སོན་པས་ཡིད་ལ་དགའ་སྤྲོ་དཔག་མེད་ཐོབ། 

འདིར་གནས་དགེ་སྦྱོང་གི་ཤ་ཚུགས་ཅན་ཡང་ལུས་ལ་གསར་འཚེ་ཆེར་མེད་པར་གནས། 

ཆེད་དུ་གསོལ་བའི་སྙིང་བོ་ནི། དམ་པ་རིན་པོ་ཆེ་ཉིད་དང་མཇལ་འདོད་དང་། རང་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་ཕྱིན་ཅི་མ་ལོག་པའི་དོན་སྤྱི་ལྟ་ཅི། སྒྲ་སྤྱི་ཙམ་ཡང་འཆར་མི་ཐུབ་པ་ཞིག་གིས། ཁྱེད་ཀྱི་ཐུགས་བཞེད་ལྟར་གྱི་འཁྲིད་ཀྱི་རིམ་པ་འབུལ་ཐུབ་པའི་ཁས་ལེན་ཞུ་ག་ལ་ནུས། བསྟན་པ་རིན་པོ་ཆེའི་གཟུགས་བརྙན་རིང་དུ་གནས་པའི་གསོས་སུ་དགོངས་པའི་བཀླག་ལུང་གི་རྒྱུན་གང་ཡོད་ནས། ལུས་ཀྱི་གང་ལྕོགས་འབུལ་བ་ལ་ཡིད་ཤིན་ཏུ་དད་པར་ཡོད་པས། སྟོན་ར་བའི་ཉི་ཤུ་ཕན་གྱི་དུས་ཚོད་གང་འགྲིག་ཞིག་ལ་མཇལ་རྩིས་ལགས་པས་དགོངས་འཇགས་འཚལ། དེ་དོན་འདི་བས་ཞུ་བར་ཡོད། འཚམས་ཞུས་སུ་ལྷ་རྫས་བཅས། 

                                                      དགེ་བཤེས་མིང་ཐོགས་པས་ཕུལ།

མཚམས་སྦྱོར། 

ཨ་རིག་རྭ་རྒྱ་བས། 

གོང་གི་འཕྲིན་ཡིག་ཐུང་ངུ་འདི་ནི་ཨ་རིག་དགེ་བཤེས་ཆེན་མོ་(1726-1803)ལ་གཡེར་གཤོང་དགེ་འདུན་གྲགས་(1734-1811)ནས་གསུང་ཆོས་གནང་དགོས་པའི་སྙན་སྐུལ་ཕུལ་བར་ལན་དུ་གནང་བ་ཞིག་ཡིན་ལ། མ་ཧཱ་པཎྜི་ཏ་ངག་དབང་མི་ཕམ་ཟླ་བས་མཛད་པའི་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་རྣམ་ཐར་ལས་ཁོལ་དུ་ཕྱུངས་པ་ཡིན། 

འཕྲིན་ཡིག་འདི་གནང་བའི་ལོ་དུས་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ལུག་སྤྱི་ལོ་༡༧༧༥ ལོ་སྟེ། རྭ་རྒྱ་དགོན་པ་བཏབ་ནས་ལོ་དྲུག་པ་ཡིན། ལོ་འདིའི་དབྱར་ཁར་གཡེར་གཤོང་རིན་པོ་ཆེ་རྭ་རྒྱ་རུ་ཕེབས་ནས་ཨ་རིག་དགེ་བཤེས་ཆེན་མོའི་མདུན་ཐོག་མར་གསུང་ཆོས་གསན་པ་ནས་སྔ་ཕྱིར་ཐེངས་དུ་མར་རྭ་རྒྱར་ཕེབས་ནས་གསུང་ཆོས་ཞུས་ཡོད་པ་དང་། ཕྱིས་སུ་དགེ་བཤེས་ཆེན་མོ་རི་ཁྲོད་དུ་ཕེབས་ནས་ཀྱང་བིས་མདོ་དགོན་ཆེན་དང་། གཡེར་གཤོང་བསམ་གཏན་གླིང་སོགས་སུ་གདན་དྲངས། མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཞུས་ཏེ་བཀའ་དྲིན་ཟླ་མེད་ཀྱི་བླ་མའི་གཙོ་བོར་བསྟེན་པ་ཡིན་ནོ། །

拉加文学平台བཤུས

བརྒྱུད་འགོད།