སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-01 21:58:32     རྩོམ་པ་པོ།   དྷརྨ་བྷ་དྲ།    ཀློག་ཐེངས།  

༄༅། །ན་མོ་གུ་རུ་ཨཱརྱ་ཏཱ་རཱ་ཡཻ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་བླ་མ་དང། །དབྱེར་མེད་རྒྱལ་ཡུམ་སྒྲོལ་མའི་ཞབས་བཏུད་ནས། །དེ་ཡི་རྣམ་འགྱུར་གཅིག་ལྷག་བཅུ་ཕྲག་གཉིས། །བསྟོད་པའི་རྒྱུད་དོན་མདོར་བསྡུས་བཤད་པར་བྱ། །དེ་ཡང་སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་དོན་འཆད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ཕན་ཡོན་བསྟན་པའོ། །

དང་པོ་ནི། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཨོཾ་ནི་མཚམས་སྦྱོར་ཕྲལ་ན་ཡི་གེ་ཨ་ཨུ་མ་གསུམ་དུ་འགྱུར་བས་ཕྱག་ཡུལ་གྱི་སྐུ་གསུང་ཐུགས་གསུམ་མཚོན་ལ། རྒྱལ་བའི་ཡུམ་གྱི་མཆོག་ཏུ་གྱུར་ཅིང། སྡོམ་པ་གསུམ་དང་ལྡན་པས་ན་རྗེ་བཙུན་མ། འཁོར་འདས་ལ་མི་གནས་པས་ན་འཕགས་མ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པས་ན་སྒྲོལ་མ་སྟེ། དེའི་ཞབས་ལ་ཕྱག་འཚལ་བ་ནི་སྒོ་གསུམ་གུས་པས་འདུད་པའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་བསྟོད་པ། སྐུའི་རྣམ་པའི་སྒོ་ནས་བསྟོད་པ། འཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དང་པོ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཞེས་པ་སྟེ། ཕྱག་འཚལ་བ་སྟེ་གུས་པས་འདུད་དོ། །གང་ལ་འདུད་ཅེ་ན། སེམས་ཅན་འཁོར་བ་ལས་འདོན་པས་ན་སྒྲོལ་མ། དེ་ལ་རྒྱལ་བ་གཞན་ལས་འཕྲིན་ལས་མྱུར་བས་ན་མྱུར་མ། བདུད་སྡེ་ལྷག་མེད་དུ་འཇོམས་པས་ན་དཔལ་མོ། ཡེ་ཤེས་ཀྱི་སྤྱན་ནི་སྐད་ཅིག་གི་གློག་འཁྱུག་པ་དང་འདྲ་བར་ཤེས་བྱ་མཐའ་དག་སྐད་ཅིག་ལ་གཟིགས་མ། ས་འོག་ཀླུའི་འཇིག་རྟེན། ས་སྟེང་མིའི་འཇིག་རྟེན། ས་བླ་ལྷའི་འཇིག་རྟེན་ཏེ་འཇིག་རྟེན་གསུམ་གྱི་མགོན་སྐྱབས་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ལ། དེའི་ཞལ་གྱི་དཀྱིལ་འཁོར་ལ་གནས་པའི་སྤྱན་གྱི་ཆུ་སྤྱན་ཆབ་ལས་སྐྱེས་པའི་མེ་ཏོག་པད་མོའི་གེ་སར་ཁ་བྱེ་བ་ལས་བྱུང་བའི་ལོ་རྒྱུས་དང་ལྡན་མ་དེ་ལ་འདུད་པ་སྟེ། ལོ་ཆེན་ནམ་བཟང་གིས། ཚིག་རྐང་གསུམ་པར། འཇིག་རྟེན་གསུམ་མགོན་ཞལ་གྱི་ཆུ་སྐྱེས། །ཞེས་འགྱུར་བཅོས་མཛད་པ་ལྟར་བདེ་བས་དེ་བཞིན་དུ་བཤད་དོ། །

གཉིས་པ་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་ལ་གཉིས། ལོངས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་དང། ཆོས་སྐུའི་རྣམ་པའི་སྒོ་ནས་བསྟོད་པའོ། །དང་པོ་ལ་གཉིས། ཞི་བའི་རྣམ་པའི་སྒོ་ནས་བསྟོད་པ་དང། ཁྲོ་མོའི་རྣམ་པའི་སྒོ་ནས་བསྟོད་པའོ། །དང་པོ་ལ་དྲུག ཞལ་མདངས་གསལ་ཞིང་འོད་ཟེར་འཕྲོ་བའི་སྒོ་ནས་བསྟོད་པ། སྐུ་མདོག་དང་ཕྱག་མཚན་དང་རྒྱུའི་སྒོ་ནས་བསྟོད་པ། རྒྱལ་བ་དང་རྒྱལ་སྲས་ཀྱིས་གུས་པས་བསྟེན་པའི་སྒོ་ནས་བསྟོད་པ། མི་མཐུན་ཕྱོགས་གནོན་པའི་སྒོ་ནས་བསྟོད་པ། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱིས་བཀུར་བའི་སྒོ་ནས་བསྟོད་པ། ཕ་རོལ་འཇོམས་པའི་སྒོ་ནས་བསྟོད་པའོ། །

དང་པོ་ནི། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་ལ ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། རྡུལ་སྤྲིན་ཁུག་རྣ་སོགས་དང་བྲལ་པའི་སྟོན་ཀའི་དུས་ཀྱི་ཟླ་བ་སྐྱེ་འཕྲོ་རྫོགས་ཤིང་འབྲི་བའི་འགོ་མ་ཚུགས་པའི་ཉ་ཀུན་ཏུ་གང་བ་གྲངས་བརྒྱ་ཐམ་པ་ནི། ཕྱོགས་གཅིག་ཏུ་བརྩེགས་པ་སྟེ་སྤུངས་པ་ལྟ་བུར་མཆོག་ཏུ་དཀར་ཞིང་མཛེས་པའི་ཞལ་རས་དང་ལྡན་མ། ཞལ་དེ་ལས་སྐར་མ་སྟོང་ཕྲག་དུ་མ་ཕྱོགས་གཅིག་ཏུ་ཚོགས་པ་ལྟ་བུའི་འོད་ཟེར་རྣམས་ཀྱིས་རབ་ཏུ་ཕྱེ་ཞིང་གསལ་བར་བྱས་པ་དང་འདྲ་བའི་འོད་ཟེར་དཀར་པོ་རབ་ཏུ་འབར་ཞིང་འཕྲོ་མ་དེ་ལའོ། །

གཉིས་པ་སྐུ་མདོག་དང་ཕྱག་མཚན་དང་རྒྱུའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པད་མས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། སྐུ་མདོག་འཛམ་བུ་ཆུ་བོའི་གསེར་ལྟར་མཛེས་ཤིང་ཅུང་ཟད་སྔོ་བའི་རྣམ་པ་ཅན། ཆུ་ནང་ནས་སྐྱེས་པའི་པད་མོ་སྟེ་ཨུཏྤལའི་ཡུ་བས་ཕྱག་གཡོན་གྱི་མཐེབ་སྲིན་ནི་རྣམ་པར་བརྒྱན་ཅིང་འདབ་མ་སྙན་ཐད་དུ་ཁ་བྱེ་བས་མཚན་མ། རྒྱུ་སྦྱིན་པ་དང། བརྩོན་འགྲུས་དང། བསྲུང་དཀའ་བ་ཐུབ་པའི་ཚུལ་ཁྲིམས་དང། རྨོངས་པའི་མུན་པ་ཞི་བའི་ཤེས་རབ་དང། བཟོད་པ་དང། བསམ་གཏན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱས་པ་ཉིད་ལས་བྱུང་མ་དེ་ལའོ། །

གསུམ་པ་རྒྱལ་བ་དང་རྒྱལ་སྲས་ཀྱིས་གུས་པས་བསྟེན་པའི་སྒོ་ནས་བསྟོད་པ་ནི། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་བསྟེན་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པས་དེ་རྣམས་ཀྱི་དབུའི་གཙུག་ཏོར་གྱི་རྩེ་ན། མི་མཐུན་ཕྱོགས་མཐའ་ཡས་པ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་སྤྱོད་ཅིང་བཞུགས་མ། ས་བཅུ་མ་ལུས་པའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་གུས་པའི་གཙུག་གིས་བསྟེན་མ་དེ་ལའོ། །

བཞི་པ་མི་མཐུན་ཕྱོགས་གནོན་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཏུ་ཏཱ་ར་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པ་ནུས་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། གསུང་ཏུ་ཏཱ་ར་(གདུང་བ་)ཞེས་སོགས་སྔགས་འཕྲེང་ལས་འཕྲོས་པའི་འོད་ཟེར་དང། ཐུགས་སྟོང་ཉིད་སྙིང་རྗེམཆོན་པའི་ཧཱུཾ་གི་ཡི་གེའི་སྒྲ་སྐད་ཀྱིས་དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་སྟེ་འདོད་ཁམས་ཀྱི་འགྲོ་བ་རྒྱུད་ལྔ་དང་། ཕྱོགས་ཏེ་གཟུགས་ཁམས་དང། ནམ་མཁའ་སྟེ་གཟུགས་མེད་ཁམས་པའི་གནས་གཉིས་ཏེ་བདུན་གང་བར་མཛད་ལ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བདུན་པོ་དེ་རྣམས་འོད་དང་སྒྲས་གང་བར་མ་ཟད་སྐུའི་ཞབས་ཀྱིས་ཀྱང་མནན་པ་སྟེ་བཅགས་ཏེ། དེར་གནས་པའི་འགྲོ་བ་གཅིག་ཀྱང་ལུས་པ་མེད་པར་དབང་དུ་འགུགས་པར་ནུསཔའི་མཐུ་དང་ལྡན་མ་དེ་ལའོ། །

ལྔ་པ་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱིས་བཀུར་བའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། ། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང། །གནོད་སྤྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཞེས་པ་སྟེ་ཕྱག་འཚལ་ལོ། །གང་ལ་ན། ཤར་གྱི་ཕྱོགས་སྐྱོང་བརྒྱ་བྱིན་དང། ཤར་ལྷོའི་མེ་ལྷ་དང། སྟེང་གི་ཚངས་པ་དང། ནུབ་བྱང་གི་རླུང་ལྷ་དང། དེ་དག་གིས་མཚོན་པའི་གཤིན་རྗེ་དང་ཀླུ་སོགས་སྡེ་རིས་སྣ་ཚོགས་ཀྱི་དབང་ཕྱུག་སྟེ་གཙོ་བོ་རྣམས་ཀྱིས་གུས་པས་མཆོད་པའི་གནས་སུ་གྱུར་པ། དབང་ལྡན་གྱི་འཁོར་འབྱུང་པོ་རྣམས་དང། སྲིན་པོའི་འཁོར་རོ་ལངས་རྣམས་དང། བརྒྱ་བྱིན་གྱི་འཁོར་དྲི་ཟ་རྣམས་དང། ལུས་ངན་གྱི་འཁོར་གནོད་སྦྱིན་སོགས་འཁོར་གྱི་ཚོགས་རྣམས་ཀྱིས་ཀྱང་སྐུ་མདུན་དུ་བཏུད་ནས་གུས་པས་བསྟོད་པའི་ཡུལ་དུ་གྱུར་མ་དེ་ལའོ། །

དྲུག་པ་ཕ་རོལ་འཇོམས་པའི་སྒོ་ནས་བསྟོད་པ་ནི། ཕྱག་ཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཞལ་ནས་ཏྲཊ་(དྲལ།)ཅེས་བྱ་བ་དང་ཕཊ་(འགས་པ) ཅེས་བྱ་བའི་རིག་སྔགས་ཀྱི་ང་རོ་བསྒྲགས་པ་ཙམ་གྱིས་ཕ་རོལ་བྱད་མས་བསམ་སྦྱོར་ངན་པས་བྱས་པའི་འཁྲུལ་འཁོར་གྱི་ནུས་པ་ཐམས་ཅད་སྐད་ཅིག་ལ་རབ་ཏུ་འཇོམས་པར་མཛད་མ། གཡས་བསྐུམས་ཤིང་གཡོན་བརྐྱངས་པ་སྟོང་ཉིད་སྙིང་རྗེ་མཚོན་པའི་ཞབས་ཀྱི་འོག་ཏུ་བྱད་མ་དང་རྦད་འདྲེ་ལ་སོགས་པ་མནན་ཏེ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་འཁྲུག་པ་དང། ཤིན་ཏུ་འབར་བས་ཐལ་བ་ཙམ་ཡང་མ་ལུས་པར་སྲེག་པར་མཛད་མ་དེ་ལའོ། །ཞབས་ཞི་བའི་བཞུགས་ཚུལ་ཡིན་ཀྱང་མེ་འབར་བའི་དབུས་ནས་ཞུགས་པ་ཅུངཟད་ཁྲོ་ཚུལ་ཙམ་མོ། །

གཉིས་པ་ཁྲོ་མོའི་རྣམ་པའི་སྒོ་ནས་བསྟོད་པ་ལ་བདུན། བདུད་དང་སྒྲིབ་གཉིས་སྦྱོང་བའི་སྒོ་ནས་བསྟོད་པ། གཡས་ག་ཡོན་གྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པ།  དབུ་རྒྱན་དང་བཞད་སྒྲའི་སྒོ་ནས་བསྟོད་པ། ཕྱོགས་སྐྱོང་བཅུས་འཕྲིན་ལས་སྒྲུབ་པའི་སྒོ་ནས་བསྟོད་པ། དབུ་རྒྱན་གྱི་སྒོ་ནས་བསྟོད་པ། དྲག་པོའི་བཞུགས་ཚུལ་གྱི་སྒོ་བསྟོད་པ།ཧཱུཾ་ཡིག་འོད་ཟེར་འཕྲོ་བའི་སྒོ་ནས་བསྟོད་པའོ།།

དང་བོ་ནི།ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་   འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ ཅད་མ་ལུས་གསོད་མ། །ཞེས་པ་སྟེ་ཕྱག་འཚལ་ལོ། །གང་ལ་ན་(མྱུར་མ)ཏུ་རེ།ཞེས་སོགས་གསུང་གི་ང་རོ་དང། འཇིགས་པ་ཆེན་མོ་སྟེ་ཤིན་ཏུ་དྲག་མོའི་སྐུའི་རྣམ་འགྱུར་གྱིས་བདུད་ཀྱི་ནང་ནས་གདུལ་དཀའ་བའི་དཔའ་བོ་ནི་ཉོན་མོངས་པའི་བདུད་ཡིན་པས་དེ་ལ་སོགས་པའི་བདུད་བཞི་འཇོམས་པར་མཛད་མ། ཆུ་སྐྱེས་ཏེ་པད་མོ་རྒྱས་ལྟར་མཛེས་པའི་ཞལ་རས་ནི་ཁྲོ་གཉེར་དང་ལྡན་པའི་རྣམ་པར་མཛད་པ་དེ་ཡིས་ཕྱི་རོལ་གྱི་དགྲ་བོ་ཐམས་ཅད་ཀྱང་ལྷག་མ་མ་ལུས་པར་གསོད་པར་མཛད་མ་དེ་ལའོ། །འདིར་ཐར་པའི་དགྲ་ཉོན་སྒྲིབ་དང། རྣམ་མཁྱེར་གྱི་དགྲ་ཤེས་སྒྲིབ་ལ་བྱས་ན་བསྡུས་དོན་དང་མཐུན་ནོ། །

གཉིས་པ་གཡས་གཡོན་གྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཕྱག་ག།ཡོན་པའི་མཐེབ་སྲིན་གྱིས་ཨུཏྤལའི་ཡུ་བ་བཟུངས་ཤིང། མཛུབ་མོ་གུང་མོ་མཐེའུ་ཆུང་གསུམ་སྒྲེང་བ་དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དུ་མཚོན་པའི་ཕྱག་རྒྱའི་སོར་མོ་རྣམས་ཀྱིས་ཐུགས་ཀར་རྣམ་པར་བརྒྱན་མ། མ་ལུས་པའི་ཕྱོགས་ཀྱི་ཆ་ཐམས་ཅད་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་འཁོར་ལོས་བརྒྱན་པ་ལས་འཕྲོས་པའི་རང་གི་འོད་ཟེར་གྱི་ཚོགས་རྣམས་ཕན་ཚུན་འཁྲུག་པས་གང་བར་མཛད་ནས་འོད་གཞན་ཐམས་ཅད་ཟིལ་གྱིས་གནོན་མ་དེ་ལའོ། །འདི་དང་འོད་གིས་བཅད་ལྔ་པ་གཉིས་ལ་ཁྲོ་ཉམས་མི་སྣང་ཡང། དེའི་གྲས་སུ་བྱུང་བ་སྤྱི་ལྡོག་ནས་ཡིན་ནམ་བརྟག་གོ །

གསུམ་པ་དབུ་རྒྱན་དང་བཞད་སྒྲའི་སྒོ་ནས་བསྟོད་པ།  ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་འཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུ་ཏཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ།  །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། དད་ལྡན་རྣམས་ཀྱི་རེ་བ་སྐོང་བས་རབ་ཏུ་དགའ་བ་བསྐྱེད་ཅིང། མ་དད་པ་རྣམས་བྲེལ་གྱིས་གནོན་པས་བརྗིད་ཆགས་པའི་རིན་པོ་ཆེའི་དབུ་རྒྱན་འོད་ཟེར་གྱི་འཕྲེང་བ་ཁ་དོག་སྣ་ཚོགས་པ་སྤེལ་ཏེ་འཕྲོ་མ། སྔགས་ཀྱི་བཞད་མོ་རབ་ཏུ་བཞད་བའི་སྒྲ་ཏུཏཱ་ར་ཞེས་སོགས་ཀྱིས་འདོད་ཁམས་ཀྱི་བདག་པོ་བདུད་དགའ་རབ་དབང་ཕྱུག་དང། དེའི་གཞན་དབང་དུ་གྱུར་པའི་འཇིག་རྟེན་མཐའ་དག་དབང་དུ་སྡུད་པར་མཛད་མ་དེ་ལའོ། །

བཞི་པ་ཕྱོགས་བཅུས་འཕྲིན་ལས་བསྒྲུབ་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། ། ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ས་གཞི་སྐྱོང་བ་ཕྱོགས་སྐྱོང་བཅུ་དང། དེ་དག་གི་འཁོར་གྱི་ཚོགས་རྣམས་ཐམས་ཅད་འཕྲིན་ལས་སྒྲུབ་པའི་བྲན་དུ་འགུགས་པར་ནུས་པའི་བདག་ཉིད་མ། ཞལ་ཁྲོ་གཉེར་གཡོ་བའི་རྣམ་པར་བཞུགས་པའི་ཐུགས་ཀའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ལྕགས་ཀྱུས་འདོད་རྒུ་ཐམས་ཅད་བཀུག་ནས། སེམས་ཅན་དབུལ་ཞིང་ཕོངས་པའི་སྡུག་བསྔལ་གྱིས་གཟིར་བ་ཐམས་ཅད་རྣམ་པར་གྲོལ་པར་མཛད་མ་དེ་ལའོ། །

ལྔ་པ་དབུ་རྒྱན་གྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཟླ་བའི་རྩེ་མོ་སྟེ་ཚེས་གཅིག་གི་ཟླ་བས་དབུ་ལ་བརྒྱན་ཅིང། དེ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ཐམས་བཅད་ལས་སྡུག་བསྔལ་སེལ་བའི་འོད་ཟེར་དཀར་པོ་ཤིན་ཏུ་འབར་ཞིང་འཕྲོ་མ། གནག་ཅིང་སྣུམ་པའི་རལ་པའི་ཁྲོད་ན་སངས་རྒྱས་འོད་དཔག་མེད་རིགས་བདག་ཏུ་བཞུགས་པ་ལས་ཀྱང་དུས་རྟག་པར་སེམས་ཅན་གྱི་དོན་དུ་ཤིན་ཏུ་འོད་ཟེར་གྱི་ཚོགས་ནི་འགྱེད་པར་མཛད་མ་དེ་ལའོ། །

དྲུག་པ་དྲག་པོའི་བཞུགས་ཚུལ་གྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་འཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། བསྐལ་པ་ཐ་མ་མ་འཇིག་གི་དུས་ཀྱི་མེ་ལྟར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་འཕྲེང་བ་འཁྲུག་པའི་དབུས་ན་གནས་མ། དེ་ཡང་ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་ནས། སྒོ་ཀུན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དགའ་བའི་གདུལ་བྱའི་རྒྱུད་ཀྱི་ཕྱི་ནང་གི་དགྲ་ཡི་དཔུང་ཚོགས་རྣམས་ནི་རྣམ་པར་འཇོམས་པར་མཛད་མ་དེ་ལའོ། །

བདུན་པ་ཧཱུཾ་ཡིག་ལས་འོད་ཟེར་འཕྲོ་བའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། རི་རབ་གླིང་དང་བཅས་པའི་ས་གཞི་ཆེན་པོའི་ངོས་ལ།   །སྡིགས་མཛུབ་དང་བཅས་པའི་ཕྱག་གི་མཐིལ་གྱིས་དྲག་ཏུ་བསྣུན་ཅིང་ཞབས་ཀྱི་མཐིལ་གྱིས་བརྡུང་བར་མཛད་མ། དེ་ཡང་ཞལ་ཁྲོ་གཉེར་བསྡུས་པ་སོགས་ཤིན་ཏུ་དྲག་མོའི་རྣམ་པ་ཅན་དུ་མཛད་པའི་ཕྱག་ཞབས་ཀྱི་མཐིལ་དུ་ཡི་གེ་ཧཱུཾ་སྔོན་པོ་རེ་རེ་གནས་པ་རྡོ་རྗེའི་མེ་ཆར་སྤྲོས་པས། གཞི་དང། ལྷག་པའི་གཞི་དང། གཞི་མེད་པ་དང།གཞི་ཉིད་དང། བཅུད་ཀྱི་གཞི་དང། གཞི་བཟང་པོ་དང། དག་པའི་གཞི་སྟེ། ས་རིམ་པ་བདུན་པོ་ན་གནས་པའི་ཀླུ་དང་ལྷ་མིན་དང་གཤིན་རྗེ་སོགས་གདུག་པ་ཅན་རྣམས་ནི་འགེམས་པ་སྟེ་འཇོམས་པར་མཛད་མ་དེ་ལའོ། །

གཉིས་པ་ཆོས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིདམ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། འབྲས་བུ་སྡུག་བསྔལ་མེད་པས་བདེ་བ། རྒྱུ་མི་དགེ་བ་མི་གསོག་པས་དགེ་མ། སྤང་བྱ་ཉོན་མོངས་ཟད་བས་ཞི་མ། སྒྲིབ་གཉིས་ཀྱི་མྱ་ངན་ལས་འདས་པའི་ཞི་བ་མཆོག་གི་དབྱིངས་ལ་རྟག་ཏུ་མཉམ་པར་འཇོག་པས་དེའི་སྤྱོད་ཡུལ་ཅན་ཉིད་དུ་གྱུར་པ། དེའི་མཐུས་ཉིད་ཀྱིས་གསུངས་པའི་རིག་སྔགས།

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།ཞེས་པ་མཇུག་ཏུ་སཱཧཱ་དང། འགོར་ཨོཾ་དང་ཡང་དག་པར་ལྡན་པར་བྱས་པའི་ཡེ་གེ་བཅུ་པ་ཉིད་ཆོ་ག་བཞིན་དུ་བཟླས་པས་ཟློས་པ་པོའི་རྒྱུད་ཀྱི་མཚམས་མེད་ལྔ་དང་ཆོས་སྤོང་སོགས་སྡིག་པ་ཆེན་པོ་རྣམས་དང། དེའི་རྒྱུ་ཆགས་སྡང་སོགས་ཉོན་མོངས་ཆེན་པོ་རྣམས་དང། འབྲས་བུ་ཚ་གྲང་སོགས་སྡུག་བསྔལ་ཆེན་པོ་རྣམས་ཀྱང་ལྷག་མེད་དུ་འཇོམས་པར་མཛད་པའི་བདག་ཉིད་མ་དེ་ལའོ། །

གསུམ་པ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ་དྲུག ཞི་ཁྲོའི་སྔགས་ཀྱི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཁྲོ་མོས་ས་གསུམ་གཡོ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། བརྟན་གཡོའི་དུག་རྣམས་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། རྩོད་དང་རྨི་ལམ་ངན་པ་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ།རིམས་ནད་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། གདོན་དང་རོ་ལངས་འཇོམས་པའི་འཕྲིན་ལས་གྱི་སྒོ་ནས་བསྟོད་པའོ། །

དང་པོ་ནི། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་བོའི་ལུས་ནི་རབ་ཏུ་འཇོམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིདམ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། སྒོ་ཀུན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རབ་ཏུ་དགའ་བའི་གདུལ་བྱའི་རྒྱུད་ཀྱི་ཕྱི་ནང་གི་དགྲ་ཡི་ལུས་རབ་ཏུ་འགེམས་ཤིང་འཇོམས་པར་མཛད་མ། དེ་ཡང་ཞི་བ་ལ་ཐུགས་ཀར་ཧཱུཾ་ཡིག་གི་མཐར་ཡི་གེ་བཅུ་པའི་ངག་སྟེ་སྔགས་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཡིན་པས་དེ་བཀོད་པའི་སྒོ་ནས་དང། ཁྲོ་མོ་ལ་ཐུགས་ཀར་རིག་པ་སྟེ་རིག་སྔགས། ཨོཾ་ན་མ་སྟཱ་རེ།  ན་མོ་ཧ་རེ་ཧཱུཾ་ཧ་རེ་སཱ་ཧཱ། ཞེས་པས་བསྐོར་བའི་དབུས་སུ་ཧཱུཾ་ཡིག་བཀོད་པ་ལས་འོད་ཟེར་སོགས་སྤྲོས་ནས་དགྲ་བགེགས་སོགས་སྒྲོལ་མ་ཉིད་མ་དེ་ལའོ། །

གཉིས་པ་ཁྲོ་མོས་ས་གསུམ་གཡོ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི།  ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པའི། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་ལ། །རི་རབ་མན་ད་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཏུ་རེ་སྟེ་མྱུར་མའི་ཞབས་གཉིས་ནི་དྲག་ཏུ་བརྡབས་པས་སོ། །མྱུར་མ་དེ་ཇི་འདྲ་བ་ཞེ་ན་ཡི་གེ་ཧཱུཾ་གི་རྣམ་པ་ཅན་གྱི་ས་བོན་ལས་སྐྱེས་པའི་པ་ཁྲོ་མོའི་བདག་ཉིད་མའོ། །དེའི་ཞབས་བརྡབས་པས་ཅི་ཞིག་མཛད་ཅེ་ན། རིའི་རྒྱལ་པོ་རི་རབ་དང། རི་མནཱར་དང། རི་ནག་པོ་འབིགས་བྱེད་ལ་སོགས་པ་མདོར་ན་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་བཅུད་ཀྱི་སེམས་ཅན་དང་བཅས་པ་རྣམས་གཡོ་བར་མཛད་པ་ཡིན་པས། དེ་ལྟ་བུའི་མཐུ་སྟོབས་ཀྱི་བདག་ཉིད་མ་དེ་ལའོ། །

གསུམ་པ་བརྟན་གཡོའི་དུག་རྣམས་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི།ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ལྷའི་ཡིད་ཀྱི་མཚོ་ལྟར་དཀར་ཞིང་ཟླུམ་པའི་རྣམ་པ་ཅན་གྱི་ཟླ་བའི་དཀྱིལ་འཁོར་དབུས་སུ་རི་དྭགས་རི་བོང་གི་རྟགས་མཚན་ཅན་དེ་ཕྱག་ན་བསྣམས་ནས་བརྟན་པའི་དུག་སེལ་བར་མཛད་མ། ཏཱ་ར་(སྒྲོལ་མ་) གཉིས་བརྗོད་ཀྱིས་མཚོན་པའི་ཡི་གེ་བཅུ་པ་ལ་སཱ་ཧཱའི་གནས་ས་ཕཊ་ཀྱི་ཡི་གེ་བཏགས་པའི་སྔགས་བརྗོད་པས་གཡོ་བའི་དུག་ག་ཚོགས་རྣམས་ལྷག་མ་མ་ལུས་པར་ནི་སེལ་མ་དེ་ལའོ༎

བཞི་པ་རྩོད་པ་དང་རྨི་ལམ་ངན་པ་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལྷ་ཡི་ཚོགས་རྒྱལ་པོ་དང། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། འདོད་གཟུགས་ཀྱི་ལྷའི་ཚོགས་རྣམས་ཀྱི་རྒྱལ་པོ་བརྒྱ་བྱིན་དང་ཚངས་པ་སོགས་དང། ལྷ་ཕལ་པ་དང། མིའམ་ཅི་ལྗོན་པ་རྟ་མགོ་ལ་སོགས་པ་རྣམས་ཀྱི་གཙུག་གིས་གུས་པས་ཞབས་པད་བསྟེན་མ། སྒོ་ཀུན་ནས་ལྷ་མོའི་སྐུ་བསྒོམ་པ་དང་སྔགས་བཟླ་བའི་གོ་ཆ་དགོས་པ་ལ་ཤིན་ཏུ་དགའ་བའི་གཟི་བརྗིད་ཀྱིས། ཕ་རོལ་གྱི་རྩོད་པ་དང་རྨི་ལམ་ངན་པ་ཐམས་ཅད་སེལ་བར་མཛད་མ་དེ་ལའོ། །

ལྔ་པ་རིམས་ནད་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཉི་མ་རྒྱས་པ་ལྟ་བུའི་ཁྲོ་མོའི་སྤྱན་གཡས་གཡོན་གཉིས་དང་ཟླ་བ་རྒྱས་པ་ལྟ་བུའི་ཞི་བའི་སྤྱན་གཡས་གཡོན་གཉིས་པོ་ལ། ཚ་བ་དང་བསིལ་བའི་འོད་རབ་ཏུ་གསལ་བ་དང་ལྡན་མ། ངག་ཏུ་ཁྲོ་མོའི་སྔགས་ཧ་ར་(འཕྲོག་པ་)གཉིས་བརྗོད་ཀྱིས་མཚོན་པའི། ཨོཾ་ན་མཿཏཱ་རེ་ན་མོ་ཧ་རེ་ཧཱུཾ་ཧ་རེ་སཱཧཱ། ཞེས་པ་དང་ཞི་བའི་སྔགས་ཨོཾ་ཏཱ་ཏེ་ཏུ་ཏཱརཏུ་རེ་སཱཧཱ་ཡིས་མཚོན་པའི། ཨོཾ་ཏཱ་རེ་ཏུཏཱ་རེ་ཏུ་རེ་སཱཧཱ། ཞེས་པ་བརྗོད་པས་ཤིན་ཏུ་དྲག་པོ་སྟེ་གསོ་བར་དཀའ་བའི་རིམས་ནད་མ་ལུས་པ་ཡང་སེལ་བར་མཛད་མ་དེ་ལའོ། །   

དྲུག་པ་གདོན་དང་རོ་ལངས་འཇོམས་པའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྤྱིན་ཚོགས་རྣམས། །འཇོམས་པ་ཏུ་་རེ་རབ་མཆོག་ཉིད་མ། ཞེས་པ་སྟེ། ཕྱག་འཚལ་ལོ། །གང་ལ་ན། སྒྲུབ་པ་པོ་ལྷ་མོའི་རྣལ་འབྱོར་ལ་གནས་པའི་སྤྱི་བོར་སྐུའི་དེ་ཉིད་ཨོཾ། མགྲིན་པར་གསུང་གི་དེ་ཉིད་ཨཱ། སྙིང་གར་ཐུགས་ཀྱི་དེ་ཉིད་ཧཱུཾ་སྟེ་དེ་ཉིད་གསུམ་པོ་དེ་རྣམས་གནས་གསུམ་དུ་བཀོད་ནས་བསྒོམས་པས་སྒོ་གསུམ་གྱི་ཉེར་འཚེ་ཐམས་ཅད་ལྷག་མེད་དུ་ཞི་བའི་མཐུ་ནུས་དང་ཡང་དག་པར་ལྡན་མ། ནམ་གྲུའི་གདོན་ལ་སོགས་པ་གདོན་བཅོ་བརྒྱད་དང་།  རོ་ལངས་ཀྱི་ལས་རྦོད་གཏོང་ལ་སོགས་པའི་ངན་སྔགས་དང།མདངས་འཕྲོག་པའི་གནོད་སྦྱིན་ལ་སོགས་པའི་གནོད་པའི་ཚོགས་རྣམས། མྱུར་ཏུ་འཇོམས་པའི་མཆོག་དང་རབ་ཀྱི་བདག་ཉིད་མ་དེ་ལ་སྟེ། རྗེ་བཙུན་འགྲོ་བའི་མགོན་པོས། ཚིག་རྐང་བཞི་བར། མྱུར་དུ་འཇོམས་པའི་མཆོག་རབ་ཉིད་ལ། །ཞེས་པ་འགྱུར་བཅོས་མཛད་པ་ལྟར་བཤདདེ། ཏུ་རེ་ཞེས་པ་མྱུར་མའམ། སྐབས་ཐོབ་ཀྱིས་མྱུར་ཏུ་ལའང་འཇུག་པས་སོ།།

གསུམ་པ་ཕན་ཡོན་བསྟན་པ་ལ་བཞི། བསམ་པའི་ཁྱད་པར་བསྟན་པ།དུས་ཀྱི་ཁྱད་པར་བསྟན་པ། ཕན་ཡོན་དངོས་བསྟན། གྲངས་ཀྱི་སྒོ་ནས་མདོར་བསྡུས་ཏེ་བསྟན་པའོ། །

དང་པོ་ནི།རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དད་བརྗོད་དེ། །ཞེས་པ་་སྟེ། ཞི་བ་དང་ཁྲོ་མོའི་རྩ་བའི་སྔགས་གཉིས་དང་སྤེལ་བས་དེའི་སྒོ་ནས་སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་འདི་ལ་ཚིགས་བཅད་ཉི་ཤུ་རྩ་གཅིག་ཡོད་པ་དང། །ཕྱག་འཚལ་ལོ་ཞེས་པ་ཡང་ནི་ཉི་ཤུ་རྩ་གཅིག་ཡོད་པའི་གཞུང་འདི་ཉིད་ལྷ་མོ་སྒྲོལ་མ་ཉིད་ལ་བཀའ་དྲིན་དྲན་པའི་གུས་པ་ཡང་དག་པ་དང་ལྡན་པའི་གང་ཟག་ལེགས་ཉེས་འབྱེད་པའི་བློ་གྲོས་མཆོག་ཏུ་གྱུར་པ་དང་ལྡན་པ་གང་དང་གང་གིས་ཚིག་དོན་ལྟར་ཡོན་ཏན་དྲན་པའི་རབ་ཏུ་དད་པས་བརྟན་པོས་བརྗོད་པས་འོག་ནས་འབྱུང་བའི་ཕན་ཡོན་རྣམས་འབྱུང་ངོ་ཞེས་བསམ་པ་དད་གུས་ཆེན་པོས་བསྟོད་དགོས་པར་བསྟན་ཏོ། །

གཉིས་པ་དུས་ཀྱི་ཁྱད་པར་བསྟན་པ་ནི།སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པའི་མི་ འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བས། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །ཞེས་པ་་ཚེ་འདིར་ནད་གདོན་དགྲ་ཇག་རྐུན་སོགས་ཀྱིས་འཇིགས་ནས་གསོལ་བ་འདེབས་ན། སྲོད་ཀྱི་དུས་སུ་ཁྲོ་མོའི་སོགས་གཙོ་བོར་དྲན་ནས་བསྟོད་པ་དང། ཕྱི་མར་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་གསོལ་བ་འདེབས་ན། ཐོ་རངས་ཀྱི་དུས་སུ་མལ་ནས་ལངས་བར་བྱས་ནས་ཞི་བའི་སྐུ་སོགས་གཙོ་བོར་དྲན་ནས་བསྟོད་པས། ཕྱི་ནང་གི་འཇིགས་པ་ཆེན་པོ་བརྒྱད་འཇོམས་པས་ན། མི་འཇིགས་པ་ཐམས་ཅད་རབ་ཏུ་སྟེར་ཞིང་། ངན་འགྲོའི་རྒྱུ་མི་དགེ་བ་བཅུ་སོགས་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས་ན། འབྲས་བུ་དམྱལ་བ་སོགས་ངན་འགྲོ་ཐམས་ཅད་ཀྱང་འཇོམས་པ་ཉིད་ཀྱི་ཕན་ཡོན་ཡོད་དོ། །ཞེས་དུས་ཀྱི་ཁྱད་པར་དང་བསྟུན་དགོས་པརབསྟན་ཏོ། །

གསུམ་པ་ཕན་ཡོན་དངོས་བསྟན་པ་ལ་གཉིས། སྒྲུབ་པ་པོ་རང་ལ་འབྱུང་བའི་ཕན་ཡོན་དང། བསྒྲུབ་བྱ་གཞན་ལ་འབྱུང་བའི་ཕན་ཡོན་ནོ། །

དང་པོ་ལ་གཉིས། ཡོན་ཏན་ཐོབ་པའི་ཕན་ཡོན་དང། སྐྱོན་ལྡོག་པའི་ཕན་ཡོན་ནོ། །དང་པོ་ནི། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །ཞེས་པ་སྟེ། བཅོམ་ལྡན་འདས་མ་ཉིད་དང་ལྷན་ཅིག་ཏུ་བཞུགས་པའི་རྒྱལ་བ་སྤྲུལ་པའི་སྐུ་གྲངས་བྱེ་བ་ཕྲག་བདུན་རྣམས་ཀྱིས་མྱུར་དུ་སྟེ།འདི་ཉིད་ལ་འོད་ཟེར་རམ་བདུད་རྩིའི་རྒྱུན་གྱིས་དབང་ནི་བསྐུར་བར་འགྱུར་ལ། དེའི་མཐུས་གནས་སྐབས་སུ་ད་ལྟའི་གནས་སྐབས་འདི་ལས་ཆེ་ཞིང་མཆོག་ཏུ་གྱུར་པའི་གནས་ལུས་ལོངས་སྤྱོད་འཁོར་རྣམས་ཕུན་སུམ་ཚོགས་པ་ཉིད་ནི་ཐོབ་ཅིང་མཐར་ཐུག་གི་འབྲས་བུར་ས་ལམ་མྱུར་དུ་བགྲོད་ནས་སངས་རྒྱས་ཀྱི་གོ་འཕང་དེར་འགྲོ་བར་འགྱུར་རོ། །ཞེས་པསྟེ་ཚིག་རྐང་བཞི་པ་ལ་འགྱུར་ཁ་ཅིག་ཏུ། མཐར་ཐུག་སངས་རྒྱས་གོ་འཕང་དེར་འགྲོ །ཞེས་པ་ལྟར་བཤད་དོ། །   གཉིས་པ་སྐྱོན་ལྡོག་པའི་ཕན་ཡོན་ལ་གཉིས། སྡུག་བསྔལ་གྱི་རྒྱུ་ལྡོག་པའི་ཕན་ཡོན་དང། འབྲས་བུ་སྡུག་བསྔལ་ལྡོག་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །ཅེས་པ་སྟེ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དེ་ཐོབ་པ་ལ་བར་དུ་གཅོད་ཅིང་སྡུག་བསྔལ་ཚབས་ཆེན་བསྐྱེད་པར་བྱེད་པའི་དུག་ཆགས་སོགས་ཉོན་མོངས་ནི། མངོན་མཐོ་དང་ངེས་ལེགས་ཀྱི་སྲོག་འཕྲོག་པས་ན་དྲག་པོ་དང་།  འཁོར་བ་དང་ངན་སོང་གི་སྡུག་བསྔལ་བསྐྱེད་པས་ན་ཆེན་པོ་ཡིན་པས་དེ་དང། བཙན་དུག་སོགས་བརྟན་པར་གནས་པ་སྣོད་ཀྱི་འཇིག་རྟེན་ལ་ཡོད་པའམ། གཞན་ཡང་སྦྲུལ་དུག་སོགས་གཡོ་ཞིང་འགྲོ་བ་བཅུད་ཀྱི་སེམས་ཅན་ལ་ཡོད་པའི་དུག་རྣམས་ཁར་ཟོས་པ་དང་ནི་འཐུངས་པ་དང་རེག་པ་ལ་སོགས་པ་ཉིད་ཀྱང། ལྷ་མོའི་སྐུ་སོགས་དྲན་ནས་བསྟོད་པ་བརྗོད་པ་ཙམ་གྱིས་རབ་ཏུ་སེལ་བ་ཉིད་ཐོབ་པར་འགྱུར་རོ། །

གཉིས་པ་འབྲས་བུ་སྡུག་བསྔལ་ལྡོག་པའི་ཕན་ཡོན་ནི། གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །ཞེས་པ་སྟེ། གཞང་ཡང་ནམ་གྲུ་ལ་སོགས་པའི་གདོན་དང། ཉིན་གཅིག་པ་ལ་སོགས་པའི་རིམས་དང། ཕྱི་ནང་གི་དུག་གིས་བཟིར་བ་སྟེ་བསྐྱེད་པའི་སྡུག་བསྔལ་དང་ཉེར་འཚེའི་ཚོགས་ནི་རྣམ་པར་སྤོང་ནུས་པ་ཡིན་ཏེ། དེ་དག་གི་རྒྱུ་རྣམས་བདེ་བླག་ཏུ་སེལ་ནུས་པའི་ཕྱིར་རོ།།

གཉིས་པ་བསྒྲུབ་བྱ་གཞན་ལ་འབྱུང་བའི་ཕན་ཡོན་ནི། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །ཞེས་པ་སྟེ། སྒྲུབ་པ་པོ་རང་ཉིད་ལ་ཕན་ཡོན་འབྱུང་བར་མ་ཟད། དེས་སྦྱིན་བདག་སོགས་སེམས་ཅན་གཞན་པ་རྣམས་ཀྱི་ཆེད་དུ་དམིགས་ནས་བསྟོད་ཚིག་བརྗོད་ཀྱང་གོང་འོག་ཏུ་བཤད་པའི་ཕན་ཡོན་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་ངོ། །ཞེས་པའོ། །

བཞི་པ་གྲངས་ཀྱི་སྒོ་ནས་མདོར་བསྡུས་ཏེ་བསྟན་པ་ནི། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་སྟེ། ཉིན་མཚན་གྱི་ཆ་གཉིས་པོ་རེ་རེ་ལ་ཐུན་གསུམ་གསུམ་དུ་བྱས་ཏེ། ཐུན་རེ་རེ་ལ་བསྟོད་ཚིག་ལན་བདུན་བདུན་དུ་མངོན་པར་བརྗོད་མ། རིགས་དང་ཆོས་བརྒྱུད་འཛིན་པའི་བུ་འདོད་པ་རྣམས་ཀྱིས་ནི་བུ་དང་སློབ་མ་ཐོབ་པར་འགྱུར་ཞིང། འདི་ཕྱིའི་བདེ་བ་སྒྲུབ་པའི་ནོར་འདོད་པ་རྣམས་ཀྱིས་ནི་ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་བདེ་བླག་ཉིདདུ་ཐོབ་པ་སོགས། མདོར་ན་མཐུན་ཕྱོགས་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཇི་སྙིད་ཡོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་ལ་མི་མཐུན་ཕྱོགས་ཀྱི་བགེགས་དང་བར་དུ་གཅོད་པ་རྣམས་གསར་དུ་འབྱུང་བ་མེད་ཅིང། སྔར་བྱུང་ཟིན་པ་རྣམས་ཀྱང། རྗེ་བཙུན་མ་སྐབས་གང་ཡིན་གྱི་ནུས་པས་སོ་སོར་ལྷག་མེད་དུ་འཇོམས་པར་འགྱུར་རོ། །  

  སྨྲས་པ། རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་སྒྲོལ་མ་ལ། །རྒྱལ་བ་ཀུན་གྱིས་མགྲིན་གཅིག་བསྟོད་པའི་དོན། །རྒྱལ་བ་དགེ་འདུན་གྲུབ་ཀྱི་ཊཱིཀ་ཀ་དང། །རྒྱལ་བའི་དགོངས་པ་ཇི་བཞིན་བདག་གིས་བཤད། །ཡང་དག་ལྟར་སྣང་དབྱེ་བ་མི་ཕྱེད་ཅིང། །ཕྲག་དོག་ཟུག་རྔུས་མནར་བའི་དེང་དུས་འགྲོར། །ཕན་པའི་རེ་བ་བདག་ལ་མ་མཆིས་ཀྱང། །རང་བློ་འཕེལ་ཕྱིར་བསྐྲུན་པའི་ལེགས་སྤྱད་མཐུས། །རྒྱལ་ཡུམ་སྒྲོལ་མས་འབྲལ་མེད་རྗེས་འཛིན་ཅིང། །རྒྱལ་བའི་འཕྲིན་ལས་སྲིད་མཐར་སྤེལ་བ་ལ། །རྒྱལ་སྲས་གཞན་ལས་སྙིང་སྟོབས་རྨད་བྱུང་བ། །རྒྱལ་བ་གཉིས་པ་ལྟ་བུར་བདག་རྒྱུར་ཅིག །ཅེས་སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤ་ལའི་ཆུན་པོ་ཞེས་བྱ་བ་འདི་ནི། པཎ་ཆེན་དགེ་འདུན་གྲུབ་ཀྱི་ཊཱིཀ་ཀ་ལ་གཞི་བྱས། རྗེ་བཙུན་གྲགས་པ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཏཱ་ར་ནཱ་ཐ་རྣམས་ཀྱི་འགྲེལ་པ་ནས་ལེགས་ཆ་བསྡུས། དཔལ་ལྷ་གཅིག་དཱིཔཾ་ཀཱ་ར་དང། པཎ་ཆེན་ཉི་མ་སྦས་པའི་བཞེད་སྲོལ་དང་ཡང་ཅུང་ཟད་བསྒྲིགས་ནས་ཤཱཀྱའི་དགེ་སློང་དྷརྨ་བྷ་དྲས་འབྲུ་མང་གི་ལོའི་དབོ་ཟླ་བའི་ཡར་ཚེས་བཟང་པོ་ལ་བཞད་དངུལ་ཆུའི་རི་སྦུག་སྦྱར་བའོ། །འདིས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་པར་གྱུར་ཅིག །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།