བསེ་རྡོ་རྗེ་འཆང་གིས་རོང་བོ་དགོན་ཆེན་ནས་བསྩལ་བའི་བཀའ་སློབ་གནད་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-11-15 20:00:50     རྩོམ་པ་པོ།   རོང་བོ་ཕ་ལམ།    ཀློག་ཐེངས།  

 ང་རང་རོང་བོ་དགོན་ཆེན་དུ་མ་ཡོང་བར་ལོ་ངོ་གསུམ་བཞི་ཙམ་འགོར།  དེའི་རིང་ལ་སྐྱབས་མགོན་རིན་པོ་ཆེ་དང་བླ་མ་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་གྱིས།  གྲྭ་ཚོགས་དང་འཆད་ཉན་ཧ་ཅང་རྒྱས་ཡོད་ཀི  ང་རང་ཡང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།  དེ་རིང་འདི་ན་བཞུགས་པ་ཕལ་ཆེར་འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་ལ་དད་པ་མང་བོ་ཡིན་རྒྱུ་རེད།      སྤྱིར་ན།  འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་ལ་མཇལ་རྒྱུ་ཧ་ཅང་དཀོན་པོ་རེད།  སྔོན་སོག་པོ་ཞིག་གིས་རྗེ་རིན་པོ་ཆེའི་དྲུང་དུ།  ཁོ་རང་ལ་སྐྱེ་བ་ཕྱི་མ་མི་ལུས་ཞིག་འཐོབ་པར་ཤོག་ཅེས་སྐྱབས་འཇུག་བྱས་པས།  དེ་འཐོབ་གསུངས།  ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་མཇལ་བར་ཤོག་ཞུས་པས།  དེ་མཇལ་གསུངས།  ཡང་འཇམ་མགོན་རྒྱལ་བའི་བསྟན་པ་དང་མཇལ་བར་ཤོག་ཞུས་པས།  དེ་ད་ཁེགས་པོ་རེད་གསུངས་ནི་རེད།  རྒྱུ་མཚན།  གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ།  བསྟན་པའི་ཡང་སྙིང།  ཁྱད་པར་དུ་དབུ་མའི་ལྟ་བ་བཀྲལ་ཚུལ་གྱི་སྟེང་ནས་གྲུབ་མཐའ་གཞན་དག་གིས་མི་ཐོན་པའི་རང་ལུགས་བཞག་ཡོད་ནི་རེད། གྲུབ་མཐའ་འགའ་ཤས་ཀྱིས་སྔགས་ལ་བརྟེན་ནས་མདོ་ཁྱད་གསོད་དང་།  མདོ་ལ་བརྟེན་ན་སྔགས་ཁྱད་གསོད་བྱས་པ་མང་བོ་ཡོད་ནི་རེད།  ལྟ་བའི་སྟེང་ནས་ཁོང་ཚོས་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་ཡོད་ཟེར་ནི་རེད་དེ།  དོན་དུ་རྟོགས་ཡོད་ནི་མ་རེད།  རྗེ་རིན་པོ་ཆེ་ཡང་སྐུ་ཚེ་སྟོད་ལ་བོད་སྔ་རབས་པའི་ལྟ་བ་དེ་སེམས་ལ་བདེ་བདེ་ཞིག་འཆར་ཡོད་ནི་རེད།  ཁོང་གིས་སྐྱོར་མོ་ལུང་གི་འདུ་ཁང་གི་ཀ་བ་ལ་རྒྱབ་བརྟེན་ནས།  བོད་སྔ་རབས་པའི་ལྟ་བ་ལ་མཉམ་པར་བཞག་ནས་ཚོགས་གྲོལ་བའང་མ་ཤེས་པར་ལུས་བཞག་པ་རྣམ་ཐར་ན་ཡོད་ནི་རེད།  དེང་སང་ཡང་དགོན་པ་དེ་ན་ཏིང་འཛིན་ཀ་བ་ཞེས་མཇལ་རྒྱུ་ཡོད་ནི་རེད།  ཕྱིས་སུ་རྗེ་བཙུན་འཇམ་པའི་དབྱངས་ཞལ་གཟིགས་བྱུང་ནས།  རྗེ་བཙུན་གྱིས།  ཁོ་བོས་བྲིས་པ་འདི་ཟིན་བྲིས་སུ་འཐོབ་ལ། བླ་མ་དང་ཡི་དམ་ལ་ངོ་བོ་དབྱེར་དུ་གསོལ་བ་འཐོབ།  ཚོགས་གསོག་སྒྲིབ་པ་སྦྱོང་།  གཞུང་ལུགས་ཆེན་མོ་ལ་དཔྱད་པ་བྱས་ཏེ་སུམ་སྒྲིལ་དུ་ཉམས་སུ་ལོངས་དང་།  ནམ་ཞིག་ན་སྟོང་ཉིད་ཀྱི་ལྟ་བ་ཝལ་གྱིས་འཆར་འོང་།  གསུངས་པས།  རྗེ་ཐམས་ཅད་མཁྱེན་པ་འོལ་ཁར་ཕེབས་ཏེ།  ཤ་ཟད་རུས་ཟད་ཀྱིས་ཉམས་ལེན་གནང་ནས།  རྡོ་སྟེང་དུ་མཎྜལ་ཕུལ་ཏེ་ལག་པའི་རྗེ་ངར་ལས་ཁྲག་བརྡོལ།  ལྟུང་བཤགས་དང་འབྲེལ་ཏེ་ཕྱག་འབུམ་ཐེར་སོ་ལྔ་འཚལ་བ་སོགས་དཀའ་བ་སྤྱད་དེ།   རྩ་ཤེའི་འགྲེལ་བ་སངས་རྒྱས་བསྐྱངས་ལ་གཟིགས་པའི་ཚིག་མཚམས་ཞིག་ནས་དབུ་མ་ཐལ་འགྱུར་བའི་ལྟ་བ་མངོན་སུམ་དུ་རྟོགས་ཏེ།  སྟོན་པ་བཅོམ་ལྡན་འདས་ལ་སྔ་ན་མེད་པའི་དད་པ་འཁྲུངས་ནས་རྟེན་འབྲེལ་བསྟོད་པ་འདི་བརྩམས་པ་རེད།   ད་དུང་གྲུབ་མཐའ་འགའ་ཤས་ཀྱིས་ང་ཚོ་དགེ་ལྡན་པ་ལ།  ཟུང་འཇུག་གི་གོ་འཕང་འཐོབ་པ་ཉུང་ཟེར་བ་རྩ་བ་ནས་མ་ཤེས་པའི་སྐད་ཆ་ཡིན།  རྗེ་ཐམས་ཅད་མཁྱེན་པ་ནས་བཟུང་སྟེ།   བ་སོ་ཆོས་ཀྱི་རྒྱལ་མཚན།  རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་སོགས་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པ་ལ་བརྟེན་ནས་ཚེ་གཅིག་ལ།  སངས་རྒྱས་ཀྱི་གོ་འཕང་བརྙེས་པས།  དབེན་ས་ཟུང་འཇུག་ཕྲེང་བ་ཟེར་ལ།  སྐུ་ཚེ་གཅིག་ལ་སངས་རྒྱས་མངོན་དུ་མཛད་པ་མང་བོ་ཡོད་པ་རེད།    ཁྱད་པར་དུ།  གྲྭ་བ་ཚོས་ཆོས་འདུལ་བ་དང་བསྟུན་ཏེ།  ཐུགས་མཐུན་ཁྲིམས་གཙང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན།  ང་ཚོ་དགེ་འདུན་པ་ཡིན་པས།  དང་ཐོག་རབ་བྱུང་བསྒྲུབས་དུས་ཀྱང་ཡ་བྱས་ནས་བསྒྲུབས་པ་དེ་ཡང་།   ཕྱོགས་མཐུན་གྱི་དཔུང་བསྒྲིགས་ཏེ།   དགེ་འདུན་གྱི་དབྱེན་བྱེད་པར་འཛེམ་པ་ཡིན།  དགོན་པ་གང་ཞིག་ཡིན་ནའང་།  གཞི་གསུམ་ལ་གནས་རྒྱུ་གནད་ཀྱི་དོན་པོ་ཡིན།  དེ་མིན་ན།  དེང་སང་འདོད་ཡོན་རྒྱས་ཆེ་བས།  འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་འདོད་ཡོན་གྱིས་འཇིག་པའི་ལུང་བསྟན་ཡོད།  དཔེར་ན།  གངས་སེང་དཀར་མོ་ཁོག་གི་འབུ་སྲིན་གྱིས་གསོད་པ་ལྟ་བུ་ཡིན།  དེ་བས།  གྲྭ་བ་གྲྭ་རྐྱང་བྱས་ཏེ་དཀའ་སྤྱད་སྡུག་རུས་བྱས་ནས།  དཔེ་ཆ་བལྟ་རྒྱུ་གལ་ཆེ།  དཔེ་ཆ་ཤེས་པ་དེ་ཡང་ཉམས་ལེན་ལ་སྦྱོར་གང་ཐུབ་བྱེད་དགོས།  ཉམས་ལེན་མེད་ན་ང་རང་མཁས་པ་ཆེན་པོ་ཞིག་ཉན་དགོས་བསམས་ནས་དཔེ་ཆ་བལྟས་ན་སེམས་ལ་འགོང་བོ་ཞུགས་པ་ཡིན།  ཁ་སང་དེ་རིང་གྲོང་བ་ཞིག་གི་ང་ལ་འདི་ལྟར་བཤད་བྱུང་།  གྲྭ་བ་ཚོས་གློག་ཀླད་རྩིབ་ལ་བཞག་ནས་དཔེ་ཆ་བལྟ་ཞོར་དང་།  ཁ་པར་རྩེ་ཞོར་དུ་དཔེ་ཆ་ལ་བལྟ་གིན་ཡོད་ཟེར།  ངས་བསམས་ན་དེ་འདྲ་ཞིག་ག་ལ་ཡོད་འདོད་ཀི  དཔེ་གཟིགས་བྱེད་དུས་སེམས་རྣལ་དུ་ཕེབས་རྒྱུ་གལ་ཆེན་ཡིན།  ཉམས་ལེན་ལ་སྦྱར་ནས་གྲྭ་བ་གྲྭ་རྐྱང་ཁོང་རྣམ་པ་བཟང་བོ་ཞིག་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན།    དེ་ལྟར་ནུས་ན།  ཁྱིམ་པ་ཚོས་གྲྭ་བ་དེ་ཁོང་རྣམ་པ་བཟང་བོ་ཞིག་ཡིན་ཞེས་ཕྱག་བྱ་ཐལ་མོ་སྦྱར་བའི་འོས་སུ་གྱུར་བ་ཡིན།  གྲྭ་བ་ཚོ་ཡིན་ན།  ཐོག་མར་ང་ཚོ་གྲྭ་བ་བཅའ་དུས་ནས་ཁྱིམ་པའི་སོ་ནམ་རྣམ་བཞི་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ཞེས་ཁས་བླངས་ཚར་བ་ཡིན།  བཅའ་རྒྱུ་ལས་རྒྱུ་མ་མང་ན་བཟང་།  དེང་སང་ལྷག་པར་དུ་ཉམས་འཇོག་ས་མང་བས།  ཁ་དྲིན་ཅན་པོ།  ལུས་བདེ་གི་ཞིག་ཟེར་བ་བཞིན།  ཁ་ལ་བདག་པོ་བརྒྱབ་ནས་ཡར་རྒྱུགས་མར་རྒྱུགས་མ་བྱས་ན་བཟང་།     སྔོན་ཆད་གྲྭ་བ་ཚོས་དཔེ་ཆ་གཟིགས་ན།  སྒྲོན་མེ་ཙམ་ཡང་མ་འཇོན་པར་སྤོས་ཐུར་གྱི་འོད་སྣང་ལ་བརྟེན་ནས་དཔེ་གཟིགས་གནང་བ་ཡིན།  ད་ལྟ་དཔེ་རྙིང་མང་བོ་ན་སྤོས་སྲེག་བྱས་པ་མཐོང་རྒྱུ་ཡོད་པ།  གཉིད་ལྕོག་བརྒྱབ་ཏེ་སྲེག་ཤུལ་ཡིན།  རྡོ་བིས་དགེ་བཤེས་ཚང་གིས་བདག་ལ་ང་བརྒྱད་ལོར་འདི་ལྟར་གསུངས་བྱུང་།  ཁྱེད་ཚོ་ཨ་ལགས་ཚོ་དགེ་བཤེས་ཉན་ནི་མ་རེད།  དཀའ་བ་མ་སྤྱད་པར་གོས་ཀྱིས་ནང་དུ་བཏུམས་ནས་སྐྱིད་པོ་བྱས་ནས་དཔེ་ཆ་ག་ལ་ཤེས།   ཞེས་གསུངས་པ་བདེན་པ་རེད།  བསེ་ངག་དབང་བཀྲ་ཤིས་ཚང་།  སྒོ་མང་གྲྭ་ཚང་ན་དཔེ་ཆ་ལྟ་དུས་གཉིད་བབས་ཚེ་མགྲིན་པའི་ཨོག་གོར་ལ་འབྲེང་བ་བརྒྱབ་ཏེ།  གཉིད་དཀྲོགས་པ་དང་།  ཞབས་ཆག་ཡང་མེད་པར་ཆོས་གྲྭའི་རྡོ་ཟེགས་ནང་ནས་རྐང་བ་སེར་ག་གས་པ་དང་།  གསོལ་རྩམ་ཚར་ཏེ།  ཉིན་འགའ་རེ་རྩམ་ཁུག་ལ་སྣོམ་ནས་བསྡད་པ་ཡང་མང་བོ་ཡོད་པར་རྣམ་ཐར་ན་བཤད་ཡོད།  དེ་བས་སྡུག་རུས་བརྒྱབ་ན་དཔེ་ཆ་ཤེས་པ་དང་།  སྐྱིད་པོ་བྱས་ནས་དཔེ་ཆ་བལྟས་པ་ལ་བག་ཆགས་སྲབ་མཐུག་གི་ཁྱད་པར་ཡོད།  དཀའ་ལས་བརྒྱབ་ནས་དཔེ་ཆ་བལྟས་པ་སེམས་ནས་བརྗེད་རྒྱུ་མེད་པ་ཚང་མས་ཤེས་པ་ཡིན།   དཔེ་ཆ་ཤེས་པ་ཡང་སྐྱེ་བ་སྔོན་གྱི་བསོད་ནམས་དང་། ཚོགས་བསགས་སྒྲིབ་སྦྱོང་ལ་རག་ལས་པ་ཡིན།  དགོན་པ་འདི་ལྟ་བུ་ལ་མཚོན་འང་།   གསེར་ཁང་བ་ཡབ་སྲས་ཀྱིས་མཆོད་རྒྱུན་དང་སྒྲིབ་སྦྱོང་གི་ཕྱག་ལེན་ཡག་པོ་བཙུགས་ཡོད་པ་བཞིན།  དེ་ལག་ལེན་དུ་འདེབས་རྒྱུ་གལ་ཆེན་ཡིན།  ཚོགས་བསགས་དང་སྦྲེལ་ཏེ་དཔེ་གཟིགས་གནང་ན།  བར་ཆད་ཀྱིས་མི་འཁྱེར་བར་མ་ཟད།  སེམས་པ་ཡང་གདོན་ཀྱིས་མི་ཚུགས་པ་ཡིན།  དེ་བས།   སེམས་རྒྱ་ཡན་དུ་མི་གཏོང་རྒྱུ་གལ་ཆེན་ཡིན།  དེ་མིན་ན།  དགོན་པ་གྲྭ་ཚང་ལ་ཞུགས་པ་ཡོང་སྒོ་དང་ཟ་འཐུང་ཤ་སྟག་ཅིག་ལ་བལྟས་པ་ཡིན་ན།  གྲྭ་བ་མ་བྱས་པར་ཚོང་ཞིག་བརྒྱབ་ན་འགྲིག་གི  དེ་ལྟར་མ་བྱས་པར་གྲྭ་བ་གྲྭ་རྐྱང་བྱས་ཏེ་དཔེ་ཆ་བལྟས་ནས།  འཆི་ཁ་མར་རྡོ་ཐོག་གི་བྱ་འཕུར་བ་ལྟ་བུ་ཞིག་བྱེད་དགོས།    དེ་བས་ད་ཚང་མས་ཆོས་ལ་ཉམས་ལེན་རེ་གནང་ནས་དོན་ཉུང་བ་བྱ་བ་ཉུང་བ་ཞིག་བྱེད་དགོས།  དེ་རིང་ནངས་ཀ་དགེ་བའི་བཤེས་གཉེན་འདི་འདྲ་མང་བོ་ཞིག་བཞུགས་པའི་གོ་སྐབས་དམ་འཛིན་གནང་སྟེ།  རང་གི་མི་ཚེ་གྱོང་གུད་དུ་མ་བཏང་བར་ཐོས་བསམ་རྣལ་མ་རེ་བྱས་ཏེ།  རང་རང་གི་མི་ཚེ་འཕྲོ་བརླག་ཏུ་མ་གཏོང་།   ཁྱད་པར་དུ།  ང་ཚོ་རྗེ་ཐམས་ཅད་མཁྱེན་པའི་རྗེས་འཇུག་པ་ཞིག་ཡིན་ན།  ཉིན་རེ་བཞིན།  དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་ཏེ་དམིགས་བརྩེ་མ་འགའ་རེ་དང་།   བླ་མཆོད་རེ་གསུང་རྒྱུ་དང་།  དེའི་སྟེང་དུ་ང་ཚོ་དགེ་འདུན་པའི་ཐུན་མོང་མ་ཡིན་པའི་ཡི་དམ་འཇིགས་བྱེད་ཀྱི་ཆོ་ག་རེ་གསུང་རྒྱུ་གལ་ཆེ།   མང་ང་མང་ང་བཏོན་པའི་ཁ་ན་མེད།  གང་གསུངས་པ་ཐམས་ཅད་དག་མོ་རེ་གསུངས་ན་བཟང་།    དེ་ལས་གཞན།  རྗེ་བཙུན་བྱམས་པ་མགོན་པོ་ང་ཚོ་ལ་ཧ་ཅང་འབྲེལ་ཆེ།  ང་ཚོས་བྱམས་ཆོས་སྡེ་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་པའང་དེ་ཡིན།  ལྷག་པར་དུ་རྗེ་ཐམས་ཅད་མཁྱེན་པའི་བསྟན་པ་དགའ་ལྡན་ཡིད་དགའ་ཆོས་འཛིན་ན་ཤིན་ཏུ་དར་ཁྱབ་ཆེ་བས།  ང་ཚོས་སྒྲུབ་ཐག་ཉེ་བ་ཡིན།  དེ་བས་ང་ཚོས་ཚང་མས་བསམ་པ་རྣམ་པར་དག་པའི་སྒོ་ནས་དགའ་ལྡན་གྱི་ཞིང་དུ་རྒྱལ་བ་བྱམས་པའི་ཞབས་དྲུང་དུ་སྨོན་ལམ་འདེབས་དགོས་པ་དེ་ལྟར་ཡིན།  ད་དེ་ཙམ་གྱིས་ཆོག་པར་བྱས། 

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།

ཡིག་ཕབ་པ།རོང་བོ་ཕ་ལམ།

༢༠༡༥ ལོའི་ཟླ ༩ ཚེས༢༡ལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།