ཤར་སྐལ་ལྡན་རྒྱ་མཚོས་རང་ཉིད་ལ་གདམས་པའི་མགུར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-05-25 21:30:54     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

གྲོང་དུ་འདུག་ཡུན་རིང་ན་རང་མཚང་སྟོན།།

འདུག་ས་དབེན་པར་གྱིས་དང་རི་ཁྲོད་པ།།

ཟས་ནོར་བསོད་ནམས་ཆོས་ཀྱི་བར་ཆད་ཡིན།།

འདོད་ཆུང་ཆོག་ཤེས་གྱིས་དང་རི་ཁྲོད་པ།།


གྲོགས་ངན་བསྟེན་ན་རང་ཡང་ཇེ་ངན་འགྲོ།།

རྟག་ཏུ་གཅིག་པུར་སྡོད་དང་རི་ཁྲོད་པ།།

བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས།།

མཐོང་མཐོང་ཀུན་ལ་མ་སྨོད་རི་ཁྲོད་པ།།


ལྐོག་ཏུ་གཞན་གྱི་མཚང་ནས་མ་འབྲུ་དང་།།

ལན་པོ་རང་ལ་འཁོར་རོ་རི་ཁྲོད་པ།།

གཞན་སྐྱོན་མ་རྟོག་རང་གི་སྐྱོན་ལ་རྟོག།

སྐྱོན་མཚང་རང་ལ་ཡོད་དོ་རི་ཁྲོད་པ།།


དམ་པའི་ཆོས་ལ་མི་ཟབ་གང་ཡང་མེད།།

དགོས་མེད་ཁ་སྡིག་མ་སོག་རི་ཁྲོད་པ།།

ཕྱག་དང་མཆོད་པས་ལུས་ཀྱི་སྒྲིབ་པ་འདག།

ཉིན་བཞིན་འབད་པར་ཞུས་དང་རི་ཁྲོད་པ།།


ཁ་ཏོན་བཟླས་པས་ངག་གི་སྒྲིབ་པ་འདག།

དོན་མེད་ལོང་གཏམ་སྤོངས་དང་རི་ཁྲོད་པ།།

བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ།།

འདི་ལ་ནན་ཏན་གྱིས་དང་རི་ཁྲོད་པ།།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།