སྐྱབས་འཇུག་ལྷ་དང་མིར་བཅས་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 08:14:03     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ།ལྷ་དང་མིར་བཅས་སྐྱེ་དགུ་ཐམས་ཅད་དབུས།།མདོ་དང་སྔགས་ཀྱི་སེང་གེའི་ང་རོའི་ཡིས།།མཁས་རློམ་རི་དྭགས་ཚོགས་རྣམས་གཞོན་ནུ་ནས།།འཇིགས་མེད་སྨྲ་བའི་སེང་གེ་ཁྱོད་མིན་སུ།།ཞེས་གསུངས་པ་ལྟར་ལྷར་བཅས་སྐྱེ་དགུ་མཐའ་དག་གི་དབུས་སུ་མདོ་སྔགས་གཞུང་བརྒྱའི་དགོངས་དོན་འབྱེད་པའི་འཁྲུལ་མེད་རིགས་ཚུལ་སེང་གེའི་སྒྲ་དབྱངས་རྗེས་སུ་བསྒྲགས་པ་ཙམ་གྱིས་མཁས་རློམ་རི་སྐྱེས་ཡོངས་ཀྱི་དྲེགས་པའི་སྙེམས་པ་འཕྲོག་པའི་འཇིགས་བྲལ་སྨྲ་བའི་སེང་གེ་མཁས་མང་འདུས་པ་འབུམ་སྡེས་མཐའ་དག་ནོར་འཛིན་ཡངས་པའི་ཁྱོན་ཀུན་དམར་སེར་ལི་ཁྲིའི་གོས་ཀྱིས་ཁེབས་པར་བྱེད་པ་ལྟ་བུའི་སྙན་དབང་གསེར་གྱི་འདབ་བརྒྱ་རྣམ་པར་བཞད་པའི་དྲུང་དུ་གང་ཞུ་ན།དད་གཏོང་རྒྱན་གྱིས་མངོན་པར་མཛེས་པའི་བསྟན་པའི་སྦྱིན་བདག་ཕུན་ཚོགས་བཀྲ་ཤིས་ཟེར་བ་ཞིག་གིས་འདི་ཕྱིའི་ལེགས་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་དམིགས་ཏེ་འདུས་ཚོགས་རིན་པོ་ཆེར་ཇ་ཐུག་ཉིན་ཐེག་གཅིག་གིས་བསྙེན་བཀུར་ཞུས་ཐོག་སྐྱབས་འཇུག་ཞུ་རྟེན་དུ་དངུལ་སྲང་རེ་བཅས་ཕུལ་བས་ལེགས་བྱས་འོ་མའི་ཆུ་གཏེར་བརྒྱ་ཕྲག་བསྲུབས་པ་ལྟར་མཆོག་ཏུ་དཀར་བ་ཇི་རྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་ལུས་ཅན་ཡོངས་ཀྱི་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་གཞི་རྟེན་གཅིག་པུ་ཐུབ་བསྟན་སྙིང་བོ་འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་དུ་རྒྱས་པ་དང་།བཤད་སྒྲུབ་གསེར་གྱི་འཁོར་ལོས་ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བ་མཁས་ཤིང་གྲུབ་པའི་ཟླ་མེད་སྐྱབས་མཆོག་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་ཞབས་པད་བཀྲ་ཤིས་ཀྱི་རི་མོ་མི་འཇིགས་གདོང་ལྔ་འབར་བས་བཏེག་པའི་ཁྲི་འཕང་མཐོན་པོར་འོག་མིན་ཞིང་གི་མགོན་པོ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་བགྲང་ཡས་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་ནས་སྐལ་ལྡན་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་།ལྗོངས་འདིས་མཚོན་པའི་ཡངས་པའི་འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུགས་རྩོད་སོགས་མི་འདོད་པའི་ཉེར་འཚེ་མཐའ་དག་ཞུ་སྟེ་ཆོས་འབྱོར་བདེ་སྐྱིད་གསར་པའི་དཔལ་ལ་སྤྱོད་པ་དང་།དེ་ལ་བརྟེན་ནས་སྦྱིན་པའི་བདག་པོ་ཁོ་རང་ལ་ལྟོས་བཅས་ཀྱི་སེམས་ཅན་ཚེ་ལས་འདས་པ་རྣམས་ཀྱི་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསྐྱེད་པའི་ཡིད་དུ་མི་འོང་བའི་སྡུག་བསྔལ་གྱི་ཚོར་བ་ནམ་ཡང་མི་མྱོང་བར་ཚེ་རབས་པདྨ་དཀར་པོའི་ཕྲེང་བར་བཤེས་གཉེན་ཉི་མའི་ཟེར་གྱིས་འབྲལ་མེད་བསྐྱངས་པའི་མཐུ་ལས་ས་ལམ་སྦྲང་རྩིའི་ཟིལ་མངར་ཡོངས་སུ་རྫོགས་པའི་སྐུ་བཞིའི་འདབ་བརྒྱ་ཆེས་ཆེར་རྒོད་པར་འགྱུར་བ་དང་།ལྟོས་བཅོས་ཚེ་དང་ལྡན་རྣམས་ཀྱིས་མི་འདོད་རྒུད་པའི་རིགས་མཐའ་དག་མིང་གི་ལྷག་མེད་དུ་ཞི་ཞིང་།མཐུན་རྐྱེན་སྡེ་བཞིའི་ལེགས་ཚོགས་དབྱར་དུས་ཀྱི་ཆུ་མཚོ་བཞིན་གོང་འཕེལ་དུ་རྒྱས་པའི་སྐྱབས་འཇུག་མཁའ་ལྟར་ཡངས་པའི་མཁྱེན་ཀློང་ཟབ་མོ་ནས་དུས་ཀུན་འདོར་བ་མེད་པ་མཁྱེན་མཁྱེན་ལགས།འདི་རབ་འབྱམས་པ་དཀོན་མཆོག་རྒྱལ་མཚན་གྱིས་ཞུས་ངོར་གནང་བའོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།