རྒྱུད་བཞིའི་འཕྲོས་གཞུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 08:09:47     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

རྒྱ་གར་སྐད་དུ།ཨམྲྀ་ཏ་ཧྲི་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་ན་མ།བོད་སྐད་དུ།བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ།ཞེས་པ་ནས།བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་སངས་རྒྱས་སྨན་གྱི་བླ་བཻཌཱུ་རྱ་འོད་ཀྱི་རྒྱལ་པོའི་བྱིན་རླབས་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་ལན་དུ་མཛད་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།།ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན།འདུལ་བ་སྨན་གྱི་གཞི་ལས།སྨན་ནི་རྗེས་སུ་གནང་བ་དང་།།ཚིལ་དང་གཡན་པ་མིག་སྨན་དང་།།སྨྱོན་པ་དང་ནི་པི་ལིནྡ།།ནམ་གྲུ་དང་ནི་སྐྱུར་ཁུའོ།།ཞེས་པའི་སྡོམས་ཀྱིས་བསྡུས་པའི་གཞུང་འདི་ལས་འཕྲོས་པར་ཐལ།འཕྲོས་ཚུལ་གཞུང་འདིའི་སྐབས་སུ་གང་གསོ་བར་བྱ་བ་ལུས་དང་ནད་ཀྱི་རང་བཞིན།གང་གིས་གསོ་བར་བྱེད་པའི་སྨན་དཔྱད་ཟས་སྤྱོད།དེས་ཇི་ལྟར་གསོ་བའི་ཐབས་ཀྱི་ཚུལ་གླེང་གཞི་དང་སྦྱར་ནས་བསྟན་ཚུལ་དེ་ཇི་ལྟ་བུ་ཡིན་ཞེ་ན།དེའི་ལན་དུ་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་གྱི་གནད་འགག་བསྡུས་ཏེ་བཤད་པ་ས་བོན་ལྟ་བུ་རྩ་བའི་རྒྱུད།དེའི་དོན་རྒྱས་པར་བཤད་པ་ཡལ་འདབ་ལྟ་བུ་བཤད་པའི་རྒྱུད།མན་ངག་ལག་ལེན་གྱི་སྒོ་ནས་གཏན་ལ་འབེབས་པ་མེ་ཏོག་ལྟ་བུ་མན་ངག་གི་རྒྱུད།ཟབ་གནད་སྙིང་པོར་དྲིལ་བ་འབྲས་བུ་ལྟ་བུ་ཕྱི་མའི་རྒྱུད་བཞིས་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།པྲ་ཛྙཱ་སཱ་ག་ར་ལི་ཁི་ཏཾ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།