དུས་ཀྱི་འཁོར་ལོའི་འཕྲོས་གཞུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 08:09:19     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

རྒྱ་གར་སྐད་དུ།པ་ར་མ་ཨཱ་དི་བུདྡྷ་ཡུད་ངྷྲི་ཏ་ཤྲཱི་ཀཱ་ལ་ཙ་ཀྲ་ནཱ་མ་ཏནྡྲ་རཱ་ཛཱ་བི་མ་ལ་པྲ་བྷ་ན་མ།ཞེས་པ་ནས།བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་མཁྱེན་རབ་ལ་འགྲན་པར་བཟོད་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།།ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན།མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལས།ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན།།སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས།།མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི།།རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ།།ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ།འཕྲོས་ཚུལ་གཞུང་འདིའི་སྐབས་སུ་འབྲས་བུ་དུས་ཀྱི་འཁོར་ལོ་ཐུགས་མི་འགྱུར་བའི་བདེ་བ་ཆེན་པོ་དང་།སྐུ་སྟོང་གཟུགས་ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུ་ཐུགས་དབྱེར་མེད་པ་ཕྲ་རབ་རྡུལ་ཆོས་ཀྱི་ཕུང་སོགས་ཟད་ཅིང་།གནས་སྐབས་རིགས་བཞིའི་སྤངས་པ་བདེན་དོན་བཅུ་གཉིས་དང་།དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་མངོན་དུ་བྱེད་པ་ལ།སྐུ་ཐུགས་དེའི་རིགས་འདྲ་སྔོན་ནས་སྒྲུབ་དགོས་པས་དེའི་སྒྲུབ་གཞིའི་གཟུགས་སྔར་མེད་གསར་དུ་སྒྲུབ་པ་དང་གྲུབ་པ་བརྟན་པར་བྱེད་པའི་གཟུགས་སྒྲུབ་ཀྱི་ཡན་ལག་སོར་བསམ་གཉིས།དེ་ལ་འདོད་དགུར་དབང་བྱེད་པ་དང་།དེ་ཉིད་གོང་ནས་གོང་དུ་གནས་འགྱུར་བར་བྱེད་པ་སྲོག་འཛིན་གྱི་ཡན་ལག་གཉིས།སྟོང་གཟུགས་ཀྱི་དངོས་གྲུབ་པའི་རྗེས་དྲན་གྱི་ཡན་ལག་དང་།དེ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་གྲུབ་པའི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་དང་།དེ་འདྲ་བའི་རྫོགས་རིམ་མཚན་ཉིད་ཚང་བ་སྐྱེ་བའི་སྨིན་བྱེད་སྦྱངས་གཞི་ཕྱི་ནང་དང་ཆོས་མཐུན་པའི་བསྐྱེད་རིམ་དང་།དེའི་སྔོན་དུ་འགྲོ་བའི་དབང་དང་དམ་ཚིག།དེ་འདྲ་བའི་བསྐྱེད་རྫོགས་ཀྱི་ལམ་གྱི་བདེན་དོན་བཅུ་གཉིས་དང་།དེ་ཉིད་བཅུ་དྲུག་ཡན་ལག་དང་བཅས་པའི་སྦྱངས་གཞི་སོགས་ལུགས་འདིའི་ཐུན་མོང་མ་ཡིན་པ་རྣམས་ལེགས་པར་ཤེས་པ་ལ་ནང་གི་བདེན་དོན་བཅུ་གཉིས་དང་།དེ་ཉིད་བཅུ་དྲུག་སོགས་ཤེས་དགོས་ཤིང་།དེ་ཤེས་པ་ལ་སྔོན་དུ་ཕྱིའི་བདེན་དོན་བཅུ་གཉིས།དེ་ཉིད་བཅུ་དྲུག་ཡན་ལག་དང་བཅས་པ་ཤེས་དགོས།དེ་ཤེས་པའི་ཐབས་སུ་ཕྱིའི་གཟའ་སྐར་ཁྱིམ་དུས་སྦྱོར་སོགས་ཞིབ་པར་ངེས་དགོས་པས་དེ་རྟོགས་བྱེད་སྐར་རྩིས་ཀྱི་རྣམ་གཞག་དང་བཅས་པ་རྒྱུད་འདི་ལས་ཇི་ལྟར་གསུངས་པ་རྣམས་རྒྱས་པར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།།

                        རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།