དགེ་འདུན་ཉི་ཤུའི་འཕྲོས་གཞུང་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:57:57     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

འགྲེལ་པ་ལས།འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་ནས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་འབྲས་བུ་དང་པོ་ལ་ཞུགས་པ་རྣམ་པ་གཉིས་སོ།།ཞེས་པ་ནས།དེའི་འོག་ཏུ་རང་སངས་རྒྱས་ཏེ་ཉི་ཤུའོ།།ཞེས་པའི་བར་གྱི་གཞུང་འདི་གང་ལས་འཕྲོས་ན།རྩ་བར།དབང་པོ་རྟུལ་དང་རྣོན་པོ་དག།ཅེས་པ་དང་།བསེ་རུ་དང་ནི་ཉི་ཤུའོ།།ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ།ཇི་ལྟར་འཕྲོས་ཚུལ་ནི་གཞུང་འདིའི་སྐབས་སུ་དགེ་འདུན་དཀོན་མཆོག་གི་དབྱེ་བ་ལ་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པ་ཐེག་ཆེན་མཐོང་ལམ་བཟོད་པ་བརྒྱད་ལ་གནས་པའི་བྱང་སེམས་མི་ནས་ཤི་འཕོས་ཏེ་མིར་སྐྱེས་པ་ཡུམ་གྱི་རྣལ་འབྱོར་གཟུངས་དང་།ཏིང་ངེ་འཛིན་སོགས་མྱུར་བར་མངོན་དུ་འགྱུར་མི་ཐུབ་པའི་རྒྱུན་ཞུགས་ཞུགས་པ་དབང་རྟུལ་གྱི་མིང་ཅན་ནས་སངས་རྒྱས་མི་བཞུགས་པའི་ཞིང་ཁམས་སུ་སངས་རྒྱ་བར་འགྱུར་བའི་བྱང་སེམས་བསེ་རུ་ལྟ་བུའི་མིང་ཅན་གྱི་བར་རྟུལ།སྒྲ་བཤད་མིང་སྐྱེ་བ་ལེན་ཚུལ་ཅི་རིགས་ཀྱིས་ཆོས་མཐུན་སྦྱར་བའི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་དང་།ཉན་ཐོས་མཐོང་ལམ་བཟོད་པ་བརྒྱད་ལ་གནས་པའི་རྒྱུན་ཞུགས་ཞུགས་པ་དབང་རྟུལ་ནས།བསེ་རུ་ལྟ་བུའི་རང་རྒྱལ་འཕགས་པ་སངས་རྒྱས་མི་འབྱུང་བ་ན་དགྲ་བཅོམ་མངོན་དུ་བྱེད་ངེས་ཀྱི་བར་དངོས་བསྟན་ཕལ་པའི་ཚུལ་དུ་བསྟན་པ་རིམ་གྱིས་པའི་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུའི་རྣམ་བཞག་རྒྱ་ཆེར་གཏན་ལ་ཕབ་པ་དེ་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་འདིར་གསལ་བར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།

རྩ་བར།དབང་པོ་རྟུལ་དང་རྣོན་པོ་དག།ཅེས་པ་ནས།བསེ་རུ་དང་ནི་ཉི་ཤུའོ།།ཞེས་པའི་གཞུང་འདི་གང་ལས་འཕྲོས་ན།ཉི་ཁྲི་ལས།ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས་པ་དབང་པོ་རྟུལ་པོ་ཡིན་ཏེ།ཞེས་སོགས་ཀྱི་གཞུང་འདི་ལས་འཕྲོས་པར་ཐལ།འཕྲོས་ཚུལ་གཞུང་འདིའི་སྐབས་སུ་ཡུམ་དོན་ཟབ་མོ་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་བྱང་སེམས་ཕྱིར་མི་ལྡོག་པ་མང་པོ་གསུངས་པ་རྣམས་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་དང་།དངོས་བསྟན་ཕལ་པའི་ཚུལ་དུ་བསྟན་པའི་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུར་བསྡུས་ནས་གཏན་ལ་འབེབས་ཚུལ་ཇི་ལྟ་བུ་ཡིན་ཞེ་ན།དེའི་ལན་རྒྱལ་ཚབ་མི་ཕམ་མགོན་པོས་གསལ་བར་འཆད་པ་ལ་དྲངས་མ་ཐག་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།།

<མི་ཚེ་གཅིག་ལ་སྐུ་གསུམ་འདབ་བརྒྱ་བཞད།།གང་ལ་བསྟེན་པ་ཀུན་ཀྱང་རྟོགས་པའི་མཛོད།།ཟས་གོས་རས་རྐྱང་ཟྭ་ཚོད་རྡོ་ཡི་གདན།།དཀའ་བ་སྤྱད་པ་རྡོ་རྗེ་ཕ་ལམ་ལྟར།།སུས་ཀྱང་མི་ཆོད་མཆོད་ཡུལ་བླ་མེད་བརྙེས།།ཟབ་ལམ་མངའ་བ་ཡབ་རྗེ་མར་བའི་ཞབས།།བསྟེན་པས་དགའ་བཞིའི་རྒྱས་བཏབ་རྡོ་རྗེའི་ལམ།།དམ་པས་སྙིང་ཕུར་ཐེབས་པའི་དཔའ་བོ་ཁྱོད།།ཐོས་པ་དོན་ལྡན་ཟུང་འཇུག་དང་པོའི་མགོན།།

༄༅།།རྗེ་བཙུན་རྣམ་ཐར་ཁྱི་ར་སྐོར་གསུམ་གྱི།། གར་འཆམ་འདྲེན་བྱེད་ལམ་དུ་ཆས་པའི་ཚེ།།ཤེས་རབ་རྒྱ་མཚོ་ཞེས་བྱའི་རྟོག་གེ་པས།།བསྟོད་དབྱངས་ཀུན་བཟང་མཆོད་པའི་སྤྲིན་འདི་སྤྲོས།།



རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།