དོན་གཉིས་ལྷུན་གྱིས་གྲུབ་པའི་སྐྱབས་འཇུག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:56:58     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

འོ་ལགས་སོ།།གནམ་ལ་བཀྲ་ཤིས་ཉི་ཟླ་ཟུང་འབྲེལ་ཤར།།མཁའ་ལ་བཀྲ་ཤིས་གཟའ་སྐར་ལེགས་པར་རྒྱུ།།ས་ལ་བཀྲ་ཤིས་མཆོད་ཡོན་ཟུང་དུ་འབྲེལ།།ཐམས་ཅད་བཀྲ་ཤིས་བདེ་ཞིང་ལེགས་པར་ཤོག།ཅེས་འཇིག་རྟེན་གསུམ་ན་དགེ་བའི་ངོ་མཚར་རྟེན་འབྱུང་གི་སྒོ་བརྒྱ་གཅིག་ཏུ་འཛོམས་པའི་ཤིས་བརྗོད་ཚངས་པའི་དབྱངས་ཀྱིས་བདེན་ཚིག་གི་མེ་ཏོག་འཐོར་བ་སྔོན་དུ་བཏང་སྟེ་གཏམ་དུ་གླེང་བར་བྱ་བ་ནི།ཇི་སྐད་དུ་འཛམ་གླིང་བསྟན་པའི་ཉི་མ་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས།ལེགས་བཤད་འོད་བརྒྱའི་སྣང་བ་ཅན།།བཤེས་གཉེན་ཉི་མ་གཅིག་གིས་ཀྱང་།།ཐུབ་བསྟན་གླིང་བཞི་མ་ལུས་པ།།ཅིག་ཅར་ཉིད་དུ་གསལ་བར་ནུས།།ཞེས་གསུངས་པ་ལྟར་ནང་རྟོགས་པའི་ཡོན་ཏན་གྱི་རང་མདངས་ཕྱི་རོལ་ཏུ་ཤར་བས་ལེགས་པར་བཤད་པའི་ཚ་ཟེར་རྣོན་པོ་སྟོང་ཕྲག་ཀུན་ཏུ་སྤྲོས་བའི་དཔལ་གྱིས་ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་ཅིག་ཅར་ཉིད་དུ་གསལ་བར་ནུས་བའི་བཤེས་གཉེན་སྨྲ་བའི་ཉི་མ་སྐྱབས་མཆོག་མཚུངས་པ་མེད་པ་གང་ཞིག་ཞབས་ཟུང་བཀྲ་ཤིས་རི་མོས་མཚན་པ་སྤྱི་བོར་བླངས་ཏེ་ཞུ་བ་ནི།དེ་ཡང་རབ་འབྱམས་རྒྱལ་བ་མ་ལུས་པའི་ཟག་བ་མེད་པའི་ཡེ་ཤེས་ཀྱི་རང་མདངས་བཞིན་ལག་གི་རྣམ་པར་ཤར་བ་ལུང་རྟོགས་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ཉིད་ནི་ངེས་པའི་དོན་དུ་རིང་མོ་ཉིད་ནས་སྤང་རྟོགས་ཡོངས་སུ་རྫོགས་པའི་སྐུ་བཞིའི་གོ་འཕང་མངོན་དུ་བྱས་ཏེ་རྒྱལ་བ་ཀུན་གྱི་གསང་མཛོད་མཐའ་དག་འཛིན་པའི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ་རྒྱལ་སྲས་ལག་ན་རྡོ་རྗེའི་རྣམ་བར་རོལ་པས་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་བརྟན་གཡོའི་བཀོད་པ་མཐའ་ཀླས་པས་འགྲོ་བའི་དོན་ལ་སྤྱོད་པ་ནི།ཇི་སྐད་དུ།མཐའ་ཀླས་འགྲོ་བའི་ཁམས་ཀྱི་རྫིང་བུ་རུ།།བརྟན་གཡོ་རབ་འབྱམས་བཀོད་པའི་ཟླ་སྣང་འབུམ།།ཅིག་ཅར་སྤྲོ་ཡང་ཉེར་ཞིའི་མཁའ་དབྱིངས་ལས།།མི་གཡོ་སྐུ་བཞིའི་རྒྱལ་ཐབས་བླ་ན་མེད།།ཅེས་གསུངས་པ་ལྟར་ལགས་མོད།གསང་བའི་གནས་དེ་ལྟ་བུ་ནི་བདག་ཅག་བྱིས་པའི་སྐྱེ་བོ་དག་གི་བློ་གྲོས་ཀྱིས་དཔྱོད་པའི་ཡུལ་ལས་འདས་ཀྱང་ཐུན་མོང་དུ་ཡོངས་སུ་གྲགས་པའི་འཁྲུངས་རབས་རགས་རིམ་གྱི་དབང་དུ་བྱས་ནའང་།དཔལ་ལྡན་འབྲས་སྤུངས་སུ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྡུད་པ་པོ་ཆོས་རྒྱལ་ཟླ་བ་བཟང་པོ།།སྟོན་པའི་ཉེ་གནས་མང་དུ་ཐོས་བའི་མཆོག་གནས་བརྟན་ཀུན་དགའ་བོ།གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཛ་ཡ་སེ་ན།ཕྱག་རྡོར་འཁོར་ལོ་ཆེན་པོའི་སྒོ་ནས་གྲུབ་པ་མཆོག་བརྙེས་པ་སློབ་དཔོན་ཛ་ཝ་རི་པ།གསང་སྔགས་ལམ་གྱི་གྲུབ་བརྙེས་རྒྱ་གར་ཤར་ཕྱོགས་ཀྱི་ཆོས་རྒྱལ་འགྲོ་བ་བཟང་པོ།འདུལ་བ་རྒྱ་མཚོའི་མངའ་བདག་སློབ་དཔོན་ཡོན་ཏན་འོད།འཕགས་པའི་ཡུལ་ནས་པཎ་ཆེན་ཤཱི་ལ་ཧ་དགེ་འདུན་ཁྲི་ཕྲག་དང་བཅས་སྤྱན་དྲངས་ཏེ་བལ་ཡུལ་མཐའ་དག་ཆོས་ལ་བཀོད་པ་རྒྱལ་པོ་དྷརྨ་པ་ལ།སྐྱིད་ལྡེ་ཉི་མ་མགོན་གྱི་རིགས་སྲས་ལྗང་ཚ་ལྷ་ཡི་སྲས་པོ།རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་ཁུ་མུ་རར་མུ་སྟེགས་ཀྱི་གྲུབ་མཐས་གང་བ་ཐབས་ཀྱིས་བཏུལ་ཏེ་བསྟན་ལ་བཙུད་པ་རིགས་ལྡན་རྒྱལ་པོ།ཁ་ཆེར་སྤྱན་རས་གཟིགས་ཀྱིས་ཀྲྀ་ཡའི་ཆོས་སྒོར་རྫོགས་པར་གནང་སྟེ་བོད་ཡུལ་འདུལ་བའི་ལུང་བསྟན་མཛད་པ་དགེ་སློང་སེམས་དཔའ་ཆེན་པོ།མལ་གྲོའི་ཡུལ་གྱི་ལོག་ལྟ་ཅན་ཀུན་རིགས་སྔགས་སྟོབས་ཀྱིས་བཏུལ་བ་རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་སེང་གེ།འདོད་ཁམས་དབང་མོས་བསྐུལ་ཏེ་སྡིག་ཅན་རྒྱལ་པོ་བསྒྲལ་ནས་བསྟན་པ་རྨང་ནས་གསོས་པ་ལྷ་ལུང་དཔལ་གྱི་རྡོ་རྗེ།ལྷ་ཆོས་བདུན་ལྡན་གདམས་པས་ཐུགས་རྒྱུད་ཕྱུག་པ་བརྩོན་འགྲུས་གཡུང་དྲུང་།མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་སྙན་བརྒྱུད་གདམས་པའི་བཀའ་བབས་རས་ཆུང་རྡོ་རྗེ་གྲགས་པ།གསང་སྔགས་གདམས་པའི་གཏེར་མཛོད་གྲུབ་དབང་སེང་གེའི་མཚན་ཅན།རྔ་ཡབ་གླིང་དུ་སྲིན་ཡུལ་ཆོས་ལ་བཀོད་པ་ཆོས་ཀྱི་གོ་ཆ།འཇམ་མགོན་རྒྱལ་བ་གཉིས་པར་ཟབ་རྒྱས་གདམས་པ་སྩོལ་བའི་ཡོངས་འཛིན་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།སྨྲ་བའི་དབང་ཕྱུག་འཇམ་དབྱངས་ཆོས་རྗེའི་ཐུགས་སྲས་རྟ་ཞང་ཆོས་རྗེ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཆོས་སྲིད་ཤིང་རྟའི་ཁ་ལོ་མངོན་པར་བསྒྱུར་བའི་བྱེད་པོ་གྲུབ་དབང་བློ་བཟང་དོན་གྲུབ།རྗེ་བཙུན་རྡོ་རྗེ་འཆང་དཀོན་མཆོག་འཇིགས་མེད་དབང་པོའི་ཐུགས་སྲས་རྗེ་འཇིགས་མེད་ལུང་རིགས་རྒྱ་མཚོ་སོགས་མཁས་པ་དང་གྲུབ་པའི་གོ་འཕང་མཆོག་བརྙེས་པའི་སྐུ་འཕྲེང་དུ་མར་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་།ཁྱད་པར་དུ་བདག་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་བཀའ་དྲིན་མཚུངས་མེད་སྐྱབས་མཆོག་དམ་པ་ཉིད་ནི་སྐྱབས་མགོན་གོང་མ་དེ་ཉིད་ཀྱི་གཟིགས་པ་དག་པའི་ཡེ་ཤེས་ཀྱིས་གྲུབ་པའི་དབང་ཕྱུག་སྡེ་ཁྲི་རིན་པོ་ཆེའི་ཡང་སྲིད་དུ་ཐག་བཅད་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས་ཤིང་།སྐུ་ན་ཚོད་ཕྲ་མོའི་དུས་ནས་ཀྱང་སྐྱེ་འཕྲེང་དུ་མར་སྦྱངས་བའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་དག་གིར་བཞེས་ཏེ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་སོགས་ཐེག་པ་མཆོག་གི་བཤེས་གཉེན་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་གནད་ལ་ཐོས་བསམ་སྒོམ་གསུམ་གྱིས་མི་འཆུག་པའི་གཟེར་ཐེབས་ཏེ་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་གཅིག་པུར་གྱུར།ཤར་ཕྱོགས་གོང་མ་བདག་པོ་ཆེན་པོའི་རྒྱལ་ཁབ་ཚུན་ཆད་ཞབས་ཀྱིས་བཅགས་ཤིང་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་སྔོན་བྱོན་མཁས་གྲུབ་ཡོངས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་མ་ཚང་བ་མེད་པར་ལྷུར་བཞེས་ནས་ད་ལན་གྱི་རིམ་པར་ཕྱོགས་འདིར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་ཏེ་ཞལ་དཀྱིལ་མཇལ་ཞིང་གསུང་གི་བདུད་རྩིར་སྤྱོད་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་བ་ནི་ཐུགས་རྗེ་དང་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་བྱུང་བ་ལགས་ཤིང་།ད་ནི་སྐབས་དོན་མདོར་དྲིལ་ཏེ་ཞུ་བ་ནི།རྒྱལ་སྲས་ཆེན་པོ་ཞི་བ་ལྷས།འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ༝།ལྟར་ནམ་མཁའི་མཐའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་སྲིད་པའི་ཟུག་རྔུ་དྲུང་ནས་འབྱིན་པའི་སྨན་གྱི་ལྗོན་པ་དང་།མངོན་མཐོ་ངེས་ལེགས་ཀྱི་བདེ་བ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ།དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་གནས་པའང་བསྟན་འཛིན་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་ལ་རག་ལས་པའི་གནས་ཚུལ་ཐུགས་ལ་དགོངས་ཏེ་སྐུ་གསུམ་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་བགྲང་ཡས་བསྐལ་པའི་བར་དུ་གཞིག་བྲལ་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་ནས་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོ་མཛད་དེ་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་འགོད་པ་སོགས་རེ་འབྲས་མཐའ་དག་དོན་ལྡན་ཡོང་བའི་ཞལ་བཞེས་གསེར་གྱི་འདབ་སྟོང་སྤྱི་གཙུག་དད་པའི་མཛེས་རྒྱན་དུ་སྩོལ་བ་མཁྱེན་མཁྱེན་ཞེས་སྟོབས་འབྱོར་བསོད་ནམས་དཔལ་གྱིས་རྩེན་པའི་མིའི་དབང་པོ་དགོན་གྲོང་འདུས་སྤྱི་ནས་ཞུ་འབུལ་གྱི་དངོས་པོ་མཚོན་བྱེད༝མཐུ་ལ་བརྟེན་ནས་རྒྱལ་བསྟན་སྙིང་པོ་འཇམ་མགོན་བླ་མའི་རིང་ལུགས་མཐའ་དབུས་ཀྱི་ཡུལ་གྲུ་ཀུན་ཏུ་ཆེས་ཆེར་རྒྱས་ཤིང་།དེ་འཛིན་དམ་པའི་ཚོགས་རྣམས་ཞབས་པད་བརྟན་ཞིང་བསྟན་འགྲོར་སྨན་པའི་ཐུགས་བཞེད་ལྷུན་གྱིས་གྲུབ་པ་དང་།ཆོས་སྡེ་འདིར་ཡང་བསླབ་གསུམ་རྒྱན་གྱིས་མཛེས་ཤིང་།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱིས་རྒྱུད་ཕྱུག་པའི་མཁས་གྲུབ་ཀླུ་དབང་སྟོང་གིས་ཡོངས་སུ་གང་སྟེ་གསང་སྔགས་བསྟན་པའི་གན་མཛོད་གཅིག་པུར་ཡུན་རིང་གནས་པ་དང་།སྐྱབས་མགོན་བསླུ་བ་མེད་པ་དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་བསོད་ནམས་ཆེན་པོའི་དཔུང་གིས་རྒྱལ་སྲིད་ཆོས་བཞིན་སྤྱོད་པའི་མིའི་དབང་པོ་ཡབ་ཡུམ་ལྷ་སྲས་བློན་འབངས་དང་བཅས་པ་མཐའ་དག་གི་ཚེ་བསོད་སྟོབས་འབྱོར་རྒྱས་པ་ལ་བར་དུ་གཅོད་པའི་ཕྱི་སྣོད་ཀྱི་འབྱུང་བ་འཁྲུགས་པའི་རྐྱེན་གྱིས་སད་སེར་ཐན་པ་མུ་གེ་ནད་ཡམས་ལ་སོགས་པའི་མི་ཕྱུགས་ཀྱི་ནད་རིམས་དང་།ནང་བཅུད་ཀྱི་སེམས་ཅན་གྱི་གནོད་སེམས་སྨིན་པའི་སྟོབས་ཀྱིས་ཕ་རོལ་གྱི་གཡུལ་ངོ་དམག་འཁྲུགས་འཐབ་རྩོད་དགྲ་ཇག་ཆོམ་རྐུན་གྱི་གནོད་འཚེ་སོགས་ཕྱི་ནང་སྣོད་བཅུད་ཀྱི་འབྱོར་པ་ཉམས་པའི་འགལ་རྐྱེན་མཐའ་དག་མིང་གི་ལྷག་མེད་དུ་ཞི་སྟེ།མཐུན་རྐྱེན་ཚེ་བསོད་སྟོབས་འབྱོར་མངའ་ཐང་རིགས་རྒྱུད་འཁོར་འབངས་སྙན་གྲགས་ཆོས་འབྱོར་བདེ་སྐྱིད་ཀྱི་འཚོ་བ་མཐའ་དག་དབྱར་དུས་ཀྱི་ཆུ་མཚོ་དང་།ཟླ་བ་ཡར་གྱི་འཕེལ་ཆ་ལྟར་རྒྱས་ཤིང་།དེའི་མཐུ་ལས་དགེ་བཅུ་རྫོགས་ལྡན་གྱི་དུས་བཞིན་སྤྱོད་པའི་ཚེ་རབས་ཀྱི་ཕྲེང་བར་དམ་པའི་ཆོས་ཀྱི་སྣང་བ་ཁྱད་བར་ཅན་དང་མི་འབྲལ་ཞིང་།དོན་གཉིས་ལྷུན་གྱིས་གྲུབ་པའི་སྐྱབས་འཇུག་བརྩེ་བ་ཆེན་པོས་དུས་ཀུན་འདོར་མེད་གནང་བ་མཁྱེན་མཁྱེན་ལགས།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།