བརྟན་པར་བཞུགས་བའི་གསོལ་བ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:55:44     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

འོ་ལགས་སོ། ཕུན་སུམ་ཚོགས་པ་༝ གསུམ་པའོ། ཞེས་མཉམ་མེད་ཐུབ་པའི་དབང་བོའི་ཞལ་གྱི་མགུལ་ལས་སྲབ་མཉེན་ལྗགས་ཀྱི་པདྨ་དམར་པོས་ཞལ་གྱི་ངོས་ཀུན་ཁེབས་པར་བྱས་ཏེ་སྙན་འཇེབས་དྲུག་ཅུའི་གདངས་ཀྱིས་མི་འཇིགས་རྣམ་བཞིའི་དབྱངས་སུ་བསྒྲགས་པའི་ཤེས་པར་བརྗོད་པའི་བདེན་ཚིག་པདྨ་དཀར་པོའི་ཕྲེང་བ་སྤེལ་བ་སྔོན་དུ་བཏང་སྟེ་གང་ཞུ་ན།ཇི་སྐད་དུ།མཁས་གྲུབ་སྨྲ་བའི་ཉི་མའི་ཞལ་ནས།སྐྱེ་དགུ་རྣམས་ཀྱི་ཕན་བདེ་ནི། མ་ལུས་རྒྱལ་བའི་བསྟན་ལས་འབྱུང་། ཞེས་རྨོངས་པའི་མུན་པར་འཐོམས་པའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གི་ནད་མ་ལུས་པ་སེལ་བའི་སྨན་གྱི་ལྗོན་པ་དང་།ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་གཞི་གཅིག་པུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ།བསྟན་པའི་ངོ་བོ་ནི་དམ་པའི་ཆོས་མངོན་པ་མཛོད་ལས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། ཞེས་གསུངས་པ་ལྟར་རྗོད་བྱེད་ལུང་གི་བསྟན་པ་སྡེ་སྣོད་གསུམ་དང་།བརྗོད་བྱ་རྟོགས་པའི་བསྟན་པ་ལྷག་པའི་བསླབ་པ་གསུམ་དུ་ཡོད་ལ།དེ་འཛིན་བྱེད་པ་སྨྲ་བྱེད་དང་།།སྒྲུབ་པར་བྱེད་པ་ཁོ་ན་ཡིན།།ཞེས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་དེ་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་མི་ཉམས་པར་གནས་པ་ཡང་བསྟན་པ་ཚུལ་བཞིན་དུ་འཛིན་སྐྱོང་སྤེལ་ནུས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ལ་རག་ལས་ཤིང་།དེ་ཡང་རྒྱ་གར་འཕགས་པའི་ཡུལ་དང་།གངས་རིའི་རྭ་བས་བསྐོར་བའི་ལྗོངས་འདིར་བསྟན་པ་འཛིན་པའི་པཎ་གྲུབ་ཇི་སྙེད་ཅིག་བྱོན་པའི་ནང་ནས་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་ནི།ཇི་སྐད་དུ།པཎ་ཆེན་སྣང་བ་མཐའ་ཡས་ཀྱི་ཞལ་ནས།ཁྱོད་ནི་སྔོན་དུས་དཔག་མེད་བསྐལ་བ་རུ།།སངས་རྒྱས་གསེར་ཐུབ་དྲུང་དུ་ཐུགས་བསྐྱེད་དེ།།འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་རབ་བཞེས་པའི།།དམ་བཅའི་སྨོན་ལམ་གྲུབ་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱོན་པའི་དྲུང་དུ་བདག་ཅག་རྣམས་ཀྱི་དོན་དུ་སྨོན་པ་དང་།འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་མུ་མེད་པའི་བསྐལ་པར་རླབས་པོ་ཆེའི་བརྩོན་འགྲུས་ཀྱི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འཇུག་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཏེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་མཛད་དེ།ཇི་སྐད་དུ།རྗེ་ཐམས་ཅད་མཁྱེན་པས།ལ་ལར་བལྟམས་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི།།བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས།།ཞེས་གསུངས་པ་ལྟར་ཞིང་ཁམས་མཐའ་ཡས་པར་སྐད་ཅིག་རེ་རེ་ལ་ཡང་དགའ་ལྡན་གྱི་གནས་ནས་འཕོ་བ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་རོལ་པའི་ཚུལ་ནི།བདག་ཅག་ལྟ་བུའི་བྱིས་པའི་སྐྱེ་བོ་ལྟ་ཞོག།ཉན་རང་དགྲ་བཅོམ་པ་དང་།ས་ལ་གནས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་ཀྱང་བློ་གྲོས་ཀྱིས་དཔག་པར་མ་སྤྱོད་པའི་ཚུལ་ནི་དཔལ་ལྡན་ཟླ་བ་གྲགས་པས།ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། ཞེས་གསུངས་པ་ལྟར་ལགས་ལ།ཐུན་མོང་བའི་སྣང་ངོར་ཞལ་གྱིས་བཞེས་པའི་སྐྱེས་རབས་ཀྱི་ཕྲེང་བའི་དབང་དུ་བྱས་ན་ཡང་སྟོན་པའི་འཁོར་གྱི་བྱམས་འཇམ་དབྱངས་སོགས་ཐེག་པ་གསུམ་གྱི་སློབ་མའི་ཚོགས་གང་གིས་ཀྱང་གང་དང་ལྷན་ཅིག་ཟབ་མོའི་གཏམ་སྨྲ་བ་སངས་རྒྱས་ལ་རག་ལས་པའི་ཚུལ་མཛད་པ་རྒྱལ་སྲས་ཆེན་པོ་དྲི་མེད་གྲགས་པ།འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་དགོངས་དོན་མཐར་ཐུག་ཟབ་ལམ་ཐལ་འགྱུར་ལུགས་སུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་སངས་རྒྱས་བསྐྱངས།མདོ་སྔགས་ཀྱི་ལྟ་བའི་གནད་མཐར་ཐུག་པ་ལུང་རིགས་དྲི་མ་མེད་པས་ཆེས་ཆེར་གསལ་བར་མཛད་པ་ཟླ་བའི་ཞབས།རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་བཞིན་དུ་སྒྲུབ་དང་སུན་འབྱིན་གྱི་རིགས་པ་དྲི་མ་མེད་པའི་སྒོ་ནས་རྣམ་གྲོལ་དོན་དུ་གཉེར་བ་རྣམས་ཀྱི་འཇུག་ངོགས་སྟོན་པ་དང་བསྟན་པ་ཚད་མར་སྒྲུབ་པ་ལ་མི་འཕྲོག་པའི་མཁྱེན་རབ་གྱི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ།ཕྱག་ཆེན་གདམས་པའི་གཏེར་མཛོད་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ།བཀའ་གདམས་བསྟན་པའི་འབྱུང་གནས་ཇོ་འབྲོམ་ཡབ་སྲས་ཀྱི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་དང་བཀའ་གདམས་གཞུང་དྲུག་སྦྱར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པས་སྣང་བ་དཔེ་རུ་ཤར་བ་པོ་ཏོ་བ་རིན་ཆེན་གསལ།རྣམ་དག་ལྟ་བའི་བོག་འདོན་ཀུན་གྱི་ཡང་རྩེ་ཤེར་ཕྱིན་གྱི་མདོ་སྡེའི་མན་ངག་ཟབ་དོན་གཅོད་ཀྱི་མངའ་བདག་ལབ་ཀྱི་སྒྲོན་མའི་སྲས་མཆོག་སྟོང་སྡེ་ངག་གི་དབང་ཕྱུག།འཕགས་མཆོག་འཇམ་དཔལ་དབྱངས་ཀྱིས་གཞོན་ནུ་ཉིད་ནས་བྱིན་གྱིས་རླབས་ཏེ་འཕྲལ་གྱི་བྱ་བ་ཕྲ་མོ་ཚུན་ཆད་བསླབ་སྟོན་གནང་བའི་བྱ་བྲལ་སེམས་དཔའ་ཆེན་པོ་དབུ་མ་པ་བརྩོན་འགྲུས་སེང་གེ།རྗེ་ཡབ་སྲས་ཀྱི་ཐུགས་སྲས་སྙན་བརྒྱུད་བྱེ་བའི་གཏེར་མཛོད་མཐུ་སྟོབས་ནུས་པའི་དབང་ཕྱུག་དགའ་ལྡན་ཁྲི་རིན་པོ་ཆེ་ཞྭ་ལུ་ལྕོག་ཆུང་པ་ལེགས་པ་རྒྱལ་མཚན།རྒྱུད་པ་སྟོད་སྨད་ཀྱི་སྙན་བརྒྱུད་གདམས་པས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་ཏེ་ཟབ་ལམ་རྡོ་རྗེའི་རྣམ་འབྱོར་གྱིས་ཟུང་འཇུག་ཆོས་སྐུ་མངོན་དུ་མཛད་ཅིང་མཐོང་ཐོས་དྲན་རེག་དོན་ལྡན་དུ་མཛད་པ་རྒྱུད་ཆེད་བརྩོན་འགྲུས་འཕགས།ཟབ་མོ་དབུ་མའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་ལམ་དེས་གདུལ་བྱ་སྨིན་གྲོལ་ལ་འགོད་པ་རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ།ཡི་དམ་གྱི་ལྷ་ནམ་མཁའི་སྐར་ཚོགས་ལྟ་བུས་ཞལ་གཟིགས་ཤིང་།དཀྱིལ་འཁོར་རྒྱ་མཚོའི་བདག་པོར་དབང་བསྐུར་བས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་སྤེལ་བ་ལ་ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ།རིགས་ཀུན་ཁྱབ་བདག་གནས་ལྔ་གཟིགས་པའི་པཎ་ཆེན་བཀའ་དྲིན་མཚུངས་མེད་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ལ་སོགས་པ་ཐུབ་པའི་ཉི་མ་འཇིག་རྟེན་དུ་བྱོན་པ་ནས་བཟུང་སྟེ་ད་ལྟའི་བར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་པཎ་གྲུབ་གསེར་གྱི་རི་བོ་ཚར་དུ་བསྒྲིགས་པ་ལྟ་བུ་རིམ་པར་བྱོན་ཏེ།ཇི་སྐད་དུ་ཀུན་མཁྱེན་བླ་མ་རང་ཉིད་ཀྱི་ཞལ་ནས།ཐུབ་པའི་བསྟན་པ་ལྷོ་དང་ནུབ་དང་བྱང་ནས་བྱང་།།ཤེར་ཕྱིན་འདྲི་མཆོད་ཐོས་བསམ་ཡིད་བྱེད་དགེ་སློང་སོགས།།ངས་དགོངས་གཟིགས་བཞིན་རྒྱལ་ཀུན་གཟིགས་ཤིང་དགོངས་གསུངས་བ།།སྙིང་ལ་བསམ་ནས་དུས་འདིར་ཕན་བར་དཀའ་ཡང་བཤད།།ཅེས་དང་།ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས།། ཐུབ་དབང་འཁོར་གྱི་རྒྱལ་སྲས་དཔའ་གང་གིས།།ཐུབ་བསྟན་སྤེལ་བའི་ཐུགས་ཁུར་མི་འདོར་བའི།།འདི་བྱས་སྐལ་མཉམ་ལ་བསམ་གཡར་ཁྲལ་འང་ཡིན།།ཞེས་སོགས་མཉམ་མེད་ཐུབ་པ་མཆོག་གི་སྤྱན་སྔར་སྙིགས་མའི་མཐར་བསྟན་པ་བྱང་ནས་བྱང་དུ་སྤེལ་བར་ཐུགས་སྨོན་མཛད་ཅིང་ལུང་བསྟན་པ་ལྟར་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་ཅིང་།ཁྱད་པར་དུའང་སྐུ་ཚེ་འདི་ཉིད་ལ་གཞོན་ནུ་ཉིད་ནས་སྐུ་ཕྲེང་གོང་མ་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་མཐའ་དག་པ་བདག་གིར་བཞེས་ཏེ་འགྲོ་རྣམས་ཞི་བའི་ལས་ལ་འགོད་པ་སོགས་འཕྲིན་ལས་ཉེར་བདུན་གྱི་སྒོ་ནས་བསྟན་འགྲོའི་ཕན་བདེའི་ཉེར་འཚོར་ཞབས་པད་ལྷུན་ཆགས་པ་ནས་ད་ལན་ཕྱོགས་འདིའི་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་གི་མགོན་དུ་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་ཏེ་གདུལ་བྱ་འཁོར་དུ་མ་བསྡུས་པ་བསྡུས།བསྡུས་པ་སྨིན།སྨིན་པ་གྲོལ།གྲོལ་བ་ལམ་མཐར་ཕྱིན་ཅིང་མཐོང་ཐོས་དྲན་རེག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་རེ་འབྲས་སྨིན་པར་མཛད་པ་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་གཞལ་བར་དཀའ་བའི་་བཀའ་དྲིན་ཟླ་མེད་དུ་བྱུང་ཞིང་།སླད་ཀྱི་རིམ་པར་ཡང་སྤྱིར་མདོ་སྡེ་ས་བཅུ་བ་ལས།སངས་རྒྱས་མྱ་ངན་ཡོངས་མི་འདའ།།ཆོས་ཀྱང་ནུབ་པར་མི་འགྱུར་རོ།།ཞེས་ངེས་པའི་དོན་དུ་སྐྱེ་འགག་འཕོ་འགྱུར་དང་བྲལ་ཡང་ཐ་མལ་གྱི་གདུལ་བྱའི་སྐལ་བ་དང་འཚམས་པར་བསྟན་པའི་སྐུའི་བཀོད་པ་ཇི་སྙེད་པ་བསྐལ་པའི་མཐའི་བར་དུ་གཞོམ་བྲལ་རྡོ་རྗེའི་རེ་ཁས་མཚན་པའི་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པར་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རྒྱལ་ཀུན་གསུང་གི་རྡོ་རྗེ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་བར་སྙིང་ནས་གསོལ་བ་འདེབས་པ་པོ་ནི།༝།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།