ཚོགས་ཆེན་གྱི་སྐྱབས་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:53:24     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ།རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས།འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ གནས་གྱུར་ཅིག ཅེས་ཤིས་པ་བརྗོད་པའི་བདེན་ཚིག་གི་མེ་ཏོག་གསེར་གྱི་འདབ་སྟོང་རྣམ་པར་བཞད་པ་ལྟ་བུ་འདི་ཉིད་ཀྱིས་སྨྲ་བ་པོའི་ངག་གི་ལམ་ཀུན་ནས་མཛེས་བར་བྱས་ཏེ་སླར་ཡང་གང་ཞུ་ན།ཇི་སྐད་དུ།ལྷ་དང་མིར་བཅས་སྐྱེ་དགུ་ཐམས་ཅད་དབུས ཁྱོད་མིན་སུ། ཞེས་ཆེད་དུ་བརྗོད་པའི་དོན་བཞིན་ལྷར་བཅས་སྐྱེ་དགུ་མཐའ་དག་གི་དབུས་སུ་མདོ་སྔགས་གཞུང་བརྒྱའི་དཀའ་གནད་མ་ལུས་པ་འཁྲུལ་མེད་རིགས་ཚུལ་སེང་གེའི་སྒྲ་དབྱངས་རྗེས་སུ་བསྒྲགས་པ་ཙམ་གྱིས་མཁས་རློམ་ཝ་སྐྱེས་དྲེགས་པའི་བརྟུལ་ཞུགས་འཛིན་པ་དག་གིས་ལོག་རྟོགས་འཁྲུལ་བའི་སྤོབས་པ་མཐའ་དག་འཇིག་པར་བྱེད་པ་ལ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པའི་རིག་པ་དང་གྲོལ་བར་སྨྲ་བའི་དགེ་བའི་བཤེས་གཉེན་ལི་ཁྲིའི་ཆུ་གཏེར་མཁའ་ལ་འཕྱུར་བ་ལྟ་བུའི་མདུན་སར་དད་པའི་མེ་ལྕེས་སྙིང་གི་ཆུ་གཏེར་ཁོལ་བ་ལས་བབས་པའི་འདྲེན་བྱེད་ཀྱི་ཟིལ་བ་མུ་ཏིག་གསར་བའི་དོག་པ་ལྟ་བུའི་བཞིན་རས་ཀྱི་པདྨོའི་ངོས་ཀུན་ནས་བརླན་པར་བྱས་པ་དང་ལྷན་ཅིག་སོར་བཅུའི་མེ་ཏོག་ཡན་ལག་མཆོག་གི་གཙུག་ཏུ་བཀོད་དེ་གདུང་བའི་དབྱངས་ཀྱིས་རྩེ་གཅིག་ཏུ་གསོལ་བ་འདེབས་འབྲས།དེ་ཡང་རང་རེའི་དགོན་པ་འདི་ཉིད་གསར་ཚུགས་ཀྱི་སྐབས་ཀུན་མཁྱེན་གོང་མ་དེ་ཉིད་ཀྱིས་ལྕགས་སྟག་ནག་ཟླའི་བཅོ་ལྔའི་ཉིན་ཐུགས་སྲས་ངག་དབང་བཀྲ་ཤིས་ཆོས་ཁྲིམས་པར་བསྐོས་པ་ནས་བཟུང་རབ་བྱུང་བཅུ་བཞི་བའི་ཤིང་བྱི་འདི་ཡན་ཆད་རང་དོན་ཁོ་ན་ཁུར་དུ་འདེགས་པའི་སྤྱོད་ངན་གྱི་དྲི་མ་ཙམ་ཡང་མེད་པར་བསྟན་པ་སྤྱི་ཁྱབ་ལ་གང་ཕན་གྱི་སྲོལ་ཡར་ལྡན་དུ་སྐྱོང་བའི་དགེ་བསྐོས་གཅིག་ལས་གཅིག་ལྷག་ལྟ་བུ་བྱུང་སྟེ་གྲྭ་ཚང་གི་འཆད་ཉན་ཡར་ཟླའི་ཚེས་ཀྱི་འཕེལ་བ་ལ་འགྲན་པ་ལྟར་གྱུར་པ་ལགས་ལ།རྨོངས་པ་བདག་ནི་བཤད་སྒྲུབ་ཟུང་དུ་འཇུག་པའི་ཆོས་ཕྱོགས་ཀྱི་བགྱི་བ་ལྟ་ཅི།ལས་འབྲས་དྲང་ཐིག་གིས་བརྒྱན་པའི་འཇིག་རྟེན་མི་ཆོས་ཀྱི་རྣམ་དབྱེ་ཙམ་ཡང་མི་ཤེས་ལ།ལུས་ཀྱི་བཟོ་ལྟ།ངག་གི་སྨྲ་བརྗོད།སེམས་ཀྱི་ཤེས་སྒོ་ཡོང་ཐང་གང་ཐད་ནས་གྲྭ་ཚང་འདི་ལྟ་བུའི་ཆོས་ཁྲིམས་གསེར་གྱི་ཤིང་རྟ་དགེ་མཚན་བྱེ་བའི་ལམ་དུ་འདྲེན་པའི་བྱེད་པོར་འོས་པའི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་ག་ལ་བདོག་ཀྱང་།ཇི་སྐད་དུ་ལུང་ལས།ལུས་ཅན་རྣམས་ཀྱི་ལས་རྣམས་ནི། བསྐལ་བ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཞིང་དུས་ལ་བབས་པ་ན། འབྲས་བུ་སྨིན་པ་ཉིད་དུ་འགྱུར། གསུངས་བ་བཞིན་བཟློག་དུ་མེད་པའི་སྔོན་ལས་ཀྱི་བསགས་རྒྱབ་བཙན་པོ་དང་།གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་ལུང་གསེར་གྱི་མེ་ཏོག་སྤྱི་བོར་བཅིངས་པས་མཚམས་སྦྱར་ཏེ་ཟླ་བ་དྲུག་གི་རིང་ལ་གྲྭ་ཚང་གི་བསྒྲིག་ལམ་སྔར་རྒྱུན་དང་བཅའ་ཡིག་དཔང་དུ་བཞག་སྟེ་གཡོ་ཁྲམ་རྫུན་གསུམ།རང་འདོད་ཞེ་བཞག་གི་ཉེ་རིང་།དབང་ཤེད་སྨྱོན་ཧམ་བཙོང་བའི་སྣང་བར་གང་དྲན་སོགས་མ་བྱས་པར།རང་གིས་མ་ཤེས་པ་ཕར་ཟད།ཤེས་པ་དང་བླང་གི་སྒོ་ནས་ལྷག་བསམ་སྟོན་ཟླ་ལྟར་དཀར་བས་ཞབས་འདེགས་ཅི་ལྕོགས་སུ་བསྒྲུབ་སྟེ་བསམ་བཟང་ཉེས་མེད་ཀྱི་ཁུལ་ཡིན་ན་ཡང་གྲྭ་ཚང་གི་བསྒྲིག་ལམ་ནི་ཆོས་འདུལ་བའི་བཅའ་ཁྲིམས།བྱང་ཆུབ་སེམས་དཔའི་བསླབ་བྱ།རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་དང་འབྲེལ་ཞིང་།སྤྱིར་བཏང་དམིགས་བསལ་ཡུལ་དུས་གནས་སྐབས་དང་བསྟུན་པའི་ཕྲ་ཞིབ་ཀྱི་མཚམས་རྟོགས་དཀའ་ཞིང་བདག་ནི་ལེགས་ཉེས་འབྱེད་པའི་བློ་གྲོས་དམན་ཞིང་དུག་གསུམ་གྱི་དབང་དུ་སོང་བས་ན།ཉེས་ཅན་ཡལ་བོར་དོར།ཉེས་མེད་ཉེས་ཅན་དུ་བཟུང་ནས་བརྡུང་བརྡེག་སྐྱོན་བརྗོད་མཚང་འབྲུ་གནོད་སེམས་ལོག་ལྟ་སོགས་ཐུགས་ཟུར་སྤྱན་ཟུར་ཕོག་པའི་ཉེས་སྤྱོད་མཐའ་དག་ལ་དུག་ཁོང་དུ་སོང་བ་ལྟ་བུའི་གནོང་འགྱོད་དང་བཅས་ཏེ་མཐོལ་ཞིང་བཤགས་པར་བགྱི་བ་ལགས་ན་བག་མེད་བྱིས་པའི་རོལ་རྩེད་ལ་བྱམས་ལྡན་མ་ཡིས་ལྷག་པར་བརྩེ་བ་བཞིན་དུ་དགེ་འདུན་མང་ནས་བཟོད་པ་བཞེས་དགོས་ཤིང་།དེའི་རྒྱུ་མཚན་ཡང་ཁོང་ཁྲོ་དང་འཁོན་འཛིན་གྱི་ཉེས་དམིགས་དང་།བཟོད་པའི་ཕན་ཡོན་མདོ་རྒྱུད་ནས་ཇི་སྐད་གསུངས་པ་ཐུགས་ལ་དགོངས་དགོས་པར་མ་ཟད།སྟོབས་དང་ལྡན་པ་རྣམས་ཀྱིས་དམན་པའི་བྱ་བ་ལ་བཟོད་པ་ནི་ལྷག་པར་སྔགས་པའི་རྒྱན་དུ་གྱུར་བ་ནི།རྗེ་བདག་ཉིད་ཆེན་པོས།བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག ཅེས་གསུངས་པ་ལྟར་ལེགས་པས་དམན་ལ་ལྷག་པར་བརྩེ་བ་དམ་པའི་རྣམ་ཐར་དང་།དགེ་སྦྱོང་གི་ཆོས་བཞི་བདག་གིར་བཞེས་ཏེ་འཕགས་པའི་དགེ་འདུན་རྣམས་ལ་བརྟེན་པའི་ལས་ངན་པ་ཇི་རྙེད་བསགས་པ་དེ་དག་གི་ངོ་བོ་རྣམ་སྨིན་རྒྱུ་མཐུན་བདག་འབྲས་བག་ཆགས་དང་བཅས་པ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་ལྷན་ཅིག་ཏུ་ནམ་མཁའི་དབྱིངས་སུ་སྤྲིན་ཕུང་དེང་བ་བཞིན་ལྷག་མེད་དུ་བྱང་ཞིང་དག་པར་འགྱུར་བ་ཞིག་ཐུགས་རྗེས་གཟིགས་པ་དང་།དེ་ལྟར་གསོལ་བ་འདེབས་པའི་རྟེན་དང་།ཕྲན་གྱི་ལས་དོན་ལེགས་པར་མཐར་ཕྱིན་པའི་དགའ་སྟོན་ཟུང་དུ་འབྲེལ་བར་འདུས་ཚོགས་རིན་པོ་ཆེར་གྲ་ཇ་གཅིག་གིས་བསྙེན་བཀུར་བྱས་ཐོག༝འདུ་ཁང་ཆེན་མོའི་སྒོ་འཕྱོར་དུ་ཏཱ་དཀར་ཡོལ་བ་སྤུས་ལེགས་གཅིག་བཅས་ཕུལ་བ་དང་།རང་གིས་ཅི་ནུས་ཀྱིས་གྲྭ་ཚང་རིན་པོ་ཆེའི་ཕྱག་གཡོག་ཅུང་ཟད་ཞུས་པས་མཚོན་ནས་རང་གཞན་ཡོངས་ཀྱི་དུས་གསུམ་བསགས་དང་བསོག་འགྱུར་གྱི་རྣམ་པར་དཀར་བའི་ཕུང་བོ་ཇི་རྙེད་ཅིག་མཆིས་པའི་མཐུ་ལ་བརྟེན་ནས་སྲས་བཅས་རྒྱལ་བ་ཡོངས་ཀྱི་པདྨ་དཀར་པོ་ལྟ་བུ་ཆེས་ཆེར་བསྔགས་པ་རྣམ་འདྲེན་ཉི་མའི་གཉེན་གྱི་མདོ་སྔགས་ལོངས་སུ་རྫོགས་པའི་བསྟན་པ་སྤྱི་དང་།བྱེ་བྲག་ཏུ་འཁྲུལ་བྲལ་བློ་བཟང་འཇམ་དཔལ་སྙིང་བོའི་གསེར་སྦྱངས་བཙོ་མལྟ་བུའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ནམ་ཡང་ཉམས་པ་མེད་པར་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་།བཤད་སྒྲུབ་ཟུང་གི་སྒོ་ནས་ཚུལ་དེ་འཛིན་སྐྱོང་སྤེལ་བའི་རྒྱལ་དང་རྒྱལ་བའི་སྲས་བོ་ཇི་རྙེད་ཅིག་བཞུགས་པ་རྣམས་དང་།ཁྱད་པར་དུས་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་རང་གཟུགས་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་ཞབས་པད་སྲིད་མཐར་བརྟན་ཞིང་མཛད་འཕྲིན་ཉི་མའི་སྣང་བ་བསྟན་འགྲོའི་ཕན་བདེ་པདྨོའི་དཔྱིད་དུ་སྨིན་པར་འགྱུར་བ་དང་།དགེ་འདུན་གྱི་སྡེ་འདིར་ཡང་ཁྲིམས་འཆལ་རྩིང་པོར་སྤྱོད་པའི་འགྲོས་ཀྱིས་ཆོས་སྡེའི་མཚོ་ཆེན་དཀྲུགས་པའི་དམུ་རྒོད་སྐྱེ་བོའི་ཚོགས་རྣམས་ཆོས་ཁྲིམས་ལྕགས་ཀྱུ་རྣོན་པོའི་དབང་དུ་གྱུར་ཏེ་ཡང་དག་ལམ་ལ་བཀྲི་བའི་སྲོལ་བཟང་ནམ་ཡང་ཉམས་པ་མེད་པ་དང་།ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་འཁྲུགས་ལོང་སོགས་མི་འདོད་ཉེ་བར་འཚེ་བའི་རིགས་ལྷག་མེད་དུ་ཞུ་སྟེ།ཆོས་འབྱོར་བདེ་སྐྱིད་ཟད་པ་མེད་པའི་དཔལ་གྱིས་འཚོ་བ་དང་།དེ་ལ་བརྟེན་ནས་བདག་དང་བདག་ལ་འབྲེལ་བ་ཐོགས་ཤིང་རེ་ལྟོས་འཆའ་བའི་འགྲོ་བ་ཤི་གསོན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་བླ་མ་ཆོས་སྲུང་དགེ་འདུན་གྱི་སྡེ་དང་བཅས་པས་འབྲལ་མེད་རྗེས་སུ་བཟུང་སྟེ་མཁྱེན་པ་གསུམ་གྱི་རྣམ་པ་མ་ལུས་པ་སྦྱོར་བ་བཞི་ཡིས་ཉམས་སུ་བླང་བ་ལ་བརྟེན་ནས་བླ་མེད་སྐུ་བཞིའི་གོ་འཕང་དམ་པ་ཐོབ་པའི་སྐྱབས་འཇུག་དུས་དང་རྣམ་པ་ཀུན་ཏུ་ནམ་ཡང་འདོར་བ་མེད་པ་མཁྱེན་མཁྱེན་མཁྱེན་ཞེས་ཞུ་ལགས།པྲ་ཛྙཱ་སཱ་ག་ར་ལི་ཁི་ཏཾ།

                     རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།