རྒྱུ་འབྲས་ཐེག་པའི་ལམ་བཟང་མ་ལུས་བ་ལྷན་ཅིག་ཏུ་སྤྱོད་པའི་སྐྱབས་འཇུག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:51:54     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ།ངོ་མཚར་བཀྲ་ཤིས་གཡས་སུ་འཁྱིལ་བའི་མཚོར།།ཐུབ་བསྟན་བདུད་རྩིའི་དཔལ་ལ་རབ་ཆགས་ཤིང་།།ལུང་རིགས་འདབ་གཤོག་བསྐྱོད་པའི་ཟློས་གར་ཅན།།ཐར་བ་དོན་གཉེར་ཁྲིམས་ལྡན་ངང་མོའི་ཚོགས།།ཞེས་གསུངས་བ་ལྟར།རྒྱུ་དང་འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ་གྱིས་ངོ་མཚར་བའི་དགེ་མཚན་བཀྲ་ཤིས་ཀྱི་རི་མོ་འབུམ་ཕྲག་གཡས་སུ་འཁྱིལ་བའི་འོ་མཚོར་དྲི་མེད་ཐུབ་བསྟན་བདུད་རྩིའི་བསིལ་མངར་གྱིས་དགྱེས་དགུར་རྩེན་ཞིང་།རྨད་བྱུང་ལུང་དང་རིགས་པའི་འདབ་ཟུང་བསྐྱོད་དེ་དམ་ཆོས་སྒྲ་དབྱངས་སྙན་པོ་བརྒྱུད་མར་འཁྲོལ་བའི་ཐར་བ་དོན་གཉེར་ཁྲིམས་ལྡན་ངང་མོ་འབུམ་སྡེ་ལེགས་བྱས་དབྱར་གྱི་དཔལ་མོའི་དུས་སྟོན་དུ་ལྷན་ཅིག་གདན་འཛོམ་པའི་མདུན་སར་གང་ཞུ་ན།རང་རེའི་འཛིན་གྲྭ་ནས་ཆོས་མཛད།༝རྣམ་འགྲེལ་གྱི་རྩོད་པ་མཐར་ཕྱིན་པའི་དུས་སྟོན་དང་འབྲེལ་བར།༝བཅས་ཕུལ་བའི་རྣམ་དཀར་གྱི་དངོས་པོ་འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་སྤྱི་དང་།ཁྱད་པར་ཚད་མའི་སྟོན་པ་ཤཱཀྱའི་རྒྱལ་པོའི་དཔལ་གྱི་མགུར་ལས་མི་འཇིགས་རྣམ་བཞིའི་དབྱངས་ཀྱིས་བསྒྲགས་པའི་སྡེ་སྣོད་གསུམ་གྱི་དགོངས་དོན་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་སྒྲུབ་དང་སུན་འབྱིན་གྱི་སྒོ་ནས་གསལ་བར་མཛད་པ་སྡེ་བདུན་མདོ་དང་བཅས་པའི་ཚིག་དོན་ལས་བརྩམས་པའི་རྩོད་ངག་རིགས་པའི་དབྱངས་སྙན་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྤྱན་སྔར་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་པའི་མཐུ་ལ་བརྟེན་ནས་ཐུབ་བསྟན་ཡང་སྙིང་བློ་བཟང་འཇམ་དཔལ་སྙིང་བོའི་བསྟན་པ་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་།དེ་ཉིད་བཤད་སྒྲུབ་ཟུང་གིས་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་རྣམས་དང་།ཁྱད་པར་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐྱབས་མགོན་ཐུགས་རྗེ་གཏེར་ཆེན་མཚན་བརྗོད་པར་དཀའ་བ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྡེ་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་ཞབས་པད་སྲིད་མཐར་བརྟན་ཅིང་།མཛད་འཕྲིན་མཁའ་ཁྱབ་ཏུ་རྒྱས་པ་དང་།སྦྱིན་པའི་བདག་པོ་ཁོང་རང་གི་གཙོས་རང་ཅག་རྣམས་ཀྱང་ཕྱོགས་གླང་ཡབ་སྲས་ཀྱི་དྲི་མེད་རིགས་པའི་མིག་ཕྱེ་ནས་བྱམས་མགོན་གསུང་གི་སྙིང་པོ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་བརྒྱད་དོན་བདུན་ཅུའི་སྒོ་ནས་གསལ་བར་བྱེད་པ་ལ་འཕགས་སེང་ལྟ་བུ།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་མཐའ་བྲལ་ཟབ་མོ་རྟེན་འབྱུང་གི་དཀའ་གནད་རྩ་འཇུག་བཞི་གསུམ་ནས་ཇི་ལྟར་བཀྲལ་བ་ལྟར་སྨྲ་བ་ལ་ཀླུ་སྒྲུབ་ཡབ་སྲས་ལྟ་བུ།ཤེས་བྱ་གཞི་ལྔའི་རང་སྤྱིའི་མཚན་ཉིད་མངོན་པ་གོང་འོག་ནས་བཤད་པ་ལྟར་མ་འདྲེས་པར་འབྱེད་པ་ཐོགས་མེད་སྐུ་མཆེད་ལྟ་བུ།རྒྱལ་བའི་ནང་མཛོད་འདུལ་བའི་སྡེ་སྣོད་ཀྱི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཇི་བཞིན་ངེས་ནས་ཚུལ་ཁྲིམས་མིག་བཞིན་སྲུང་བ་ཡོན་ཤཱཀ་རྣམ་གཉིས་ལྟ་བུར་གྱུར་བ་སོགས་རིས་སུ་མ་ཆད་པའི་མདོ་སྔགས་རིག་གནས་རབ་འབྱམས་ལ་ཐོས་བསམ་བཤད་སྒྲུབ་གེགས་མེད་མཐར་ཕྱིན་ཏེ་ཚེ་རབས་ཀྱི་ཕྲེང་བ་ཀུན་ཏུ་ཕན་ཚུན་དམ་པསི་ཆོས་ཀྱི་གྲོགས་སུ་གྱུར་ནས་རྒྱུ་འབྲས་ཐེག་པའི་ལམ་བཟང་མ་ལུས་བ་ལྷན་ཅིག་ཏུ་སྤྱོད་པའི་སྐྱབས་འཇུག་དུས་ཀུན་ཐུགས་ནས་འདོར་བ་མེད་པ་མཁྱེན་མཁྱེན་མཁྱེན་ལགས། བིཀྵུ་པྲཛྙཱ་སཱ་ག་ར་ལི་ཁི་ཏཾ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།