དུས་འཁོར་ཀྱི་ལོ་རྒྱས་དང་འབྲེལ་བའི་སྐྱབས་འཇུག་གི་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:51:10     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ།དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་ཀྱི།།ལྷ་རྣམས་མཁའ་ལ་སྤྲིན་གྱི་ཕུང་པོ་ལྟར།།ཡོངས་སུ་གང་བར་འཁྲིགས་པའི་དགེ་མཚན་གྱིས།།བཀྲ་ཤིས་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ།།ཞེས་ཤིས་བ་བརྗོད་པའི་བདེན་ཚིག་དར་གྱི་སྲད་བུ་ལ་བསྟར་བའི་སྤེལ་ལེགས་མེ་ཏོག་སིལ་མའི་ཕྲེང་བ་འཐོར་བ་སྔོན་དུ་བཏང་སྟེ་གང་ཞུ་ན།ཇི་སྐད་དུ།རིམ་གཉིས་ནོར་བུའི་ཅོད་པན་གྱིས།།བསླབ་གསུམ་གདེངས་ཀ་རབ་ཏུ་མཛེས།།ཟབ་ཡངས་རྒྱུད་སྡེ་རྒྱ་མཚོ་ལ།།དབང་བསྒྱུར་གདེངས་ཅན་དབང་པོ།ཞེས་གསུངས་པ་ལྟར།ལྷག་པའི་བསླབ་པ་གསུམ་ཀྱིས་བསྡུས་པའི་རིམ་གཉིས་ནོར་བུའི་ཅོད་པན་གྱི་གདེངས་ཀ་རབ་ཏུ་མཛེས་ཤིང་།ཟབ་རྒྱས་མན་ངག་གི་རླབས་ཕྲེང་དྲག་ཏུ་འཕྱུར་བའི་མདོ་དང་རྒྱུད་སྡེ་རྒྱ་མཚོའི་ཁྱོན་ལ་དབང་བསྒྱུར་བའི་བཤེས་གཉེན་ཀླུ་དབང་འབུམ་ཕྲག་དམ་པའི་ཆོས་ཀྱི་དགའ་སྟོན་དུ་གདན་འཛོམ་པའི་མདུན་སར་གང་ཞུ་ན།དེ་ཡང་ལྷ་རྣམས་ཀྱིས་སྒྲོན་མེའི་བསྐལ་པར་བསྒྲགས་པའི་བསྐལ་བ་བཟང་པོ་འདི་ལ་རྣམ་འདྲེན་ཉི་མ་སྟོང་འབྱོན་པའི་ནང་ནས་པདྨ་དཀར་པོ་ལྟ་བུར་བསྔགས་པ་འདྲེན་མཆོག་བཞི་བ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་འཛམ་བུ་གླིང་གི་ཡུལ་གྱི་དབུས་རྒྱ་གར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏེ་ཡུལ་ཝ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་སོགས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་ཞིང་།སངས་རྒྱས་པའི་ཕྱི་དེ་ལོ་དུས་ཕུན་སུམ་ཚོགས་པ་ནག་ཟླའི་ཉ་ལ་བྱ་རྒོད་ཕུང་བོའི་རིར་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་དང་དུས་མཉམ་དུ་གནས་ཕུན་སུམ་ཚོགས་པ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དཔལ་ཡོན་ཅན་དུ་ཤྲཱིངྷྱ་ནྱ་ཀ་ཊ་ཀའམ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་སྟོན་པ་ཕུན་སུམ་ཚོགས་པ་སྟོབས་བཅུ་མངའ་བ་མཉམ་མེད་ཐུབ་པའི་དབང་བོ་ཉིད་མཆོད་རྟེན་གྱི་འོག་ཁང་དུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་།སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་བདག་པོའི་སྐུར་བཞེངས་ནས་འཁོར་ཕུན་སུམ་ཚོགས་པ་གསང་བའི་བདག་པོའི་རྣམ་འཕྲུལ་ཆོས་རྒྱལ་ཟླ་བ་བཟང་པོ་དང་།གྲོང་ཁྱེར་བྱེ་བ་དགུ་བཅུ་གོ་དྲུག་གི་རྒྱལ་ཕྲན་སོགས་དག་པའི་འཁོར་ཚོགས་བགྲང་ལས་འདས་པ་ལ།ཆོས་ཕུན་སུམ་ཚོགས་པ་རྣལ་འབྱོར་མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གི་གཙོ་བོར་གྱུར་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་།ཞལ་བཞི་ལས་ཕ་རྒྱུད་གསང་བ་འདུས་བའི་དཀྱིལ་འཁོར་དྲུག།རྡོར་དབྱིངས་གསུམ།མ་རྒྱུད་དུས་འཁོར་སྡོམ་ཆེན་བདེ་མཆོག་སྡོམ་ཆུང་སོགས་སྤྲོས་ཏེ་གསང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་གསུངས་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད།ཆོས་རྒྱལ་ཟླ་བཟང་ཤམ་བྷ་ལར་བྱོན་ཏེ་རྩ་རྒྱུད་བསྡུས་ནས་རྒྱུད་འགྲེལ་རྨད་དུ་བྱུང་བ་མཛད་ཅིང་དུས་འཁོར་གྱི་བློས་བསླང་བཞེངས།དེ་ནས་ལྷའི་དབང་ལྡན་སོགས་ཆོས་རྒྱལ་རྣམས་དང་།ཁྱད་པར་འཇམ་དཔལ་གྲགས་པས་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་ཕྲག་མང་པོ་ཏིང་ངེ་འཛིན་གྱིས་རྨོངས་པ་དང་།དེ་ལས་སད་པར་བྱས་ཏེ་བློས་བསླང་གི་དཀྱིལ་འཁོར་དུ་བཅུག་ནས་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་སྨིན་པར་མཛད་པས་དེ་ཕྱིན་ཆད་ཀྱི་ཤམ་བྷ་ལའི་རྒྱལ་པོ་རྣམས་ལ་རིགས་ལྡན་དུ་གྲགས་ཤིང་།རྩ་རྒྱུད་སླར་ཡང་བསྡུས་ནས་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱི་ལམ་ནས་དྲངས་ཏེ་བསྡུས་རྒྱུད་མཛད།དེ་སྲས་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་མཛད་ཅིང་།དེ་ནས་བཟུང་སྟེ་ད་ལྟ་རིགས་ལྡན་སྟོབས་པོ་ཆེའི་བར་དུ་སྤྲུལ་པའི་ཆོས་རྒྱལ་རྣམས་ཀྱིས་ལོ་བརྒྱ་རེ་ལས་མི་ཉུང་བར་ཆོས་བསྟན་ནས་ཤམ་བྷ་ལའི་ཡུལ་ལྗོངས་ཀུན་ཏུ་ཐུབ་དབང་བསྟན་པའི་སྒྲོན་མེ་སྦར་བར་མཛད།རྒྱ་གར་གྱི་སློབ་དཔོན་ཙི་ལུ་པཎྜི་ཏ་དང་།དུས་ཞབས་ཆེ་ཆུང་སོགས་ཀྱིས་འཕགས་པའི་ཡུལ་དང་།རྭ་འབྲོ་གཉིས་སོགས་ཆོས་རྒྱལ་ལོ་པཎ་དུ་མས་དཀའ་བ་བརྒྱ་ཕྲག་གིས་གངས་རིའི་རྭ་བས་བསྐོར་བའི་ལྗོངས་འདིར་སྤྱན་དྲངས་ཏེ་བུ་དོལ་གཉིས་སོགས་རྗེས་འབྲང་མཁས་པའི་ཚོགས་ཀྱི་ཟབ་ཡངས་མཁྱེན་རབ་སྤྲིན་དཀར་འཁྲིགས་པའི་ཀློང་ནས་རྒྱུད་རྒྱལ་དབྱར་སྐྱེས་ཀྱི་རྔ་གསང་ཆད་མེད་བསྒྲགས་པས་འཕགས་བོད་སྐལ་བཟང་མདོངས་མཐའི་ཚོགས་རྣམས་དགའ་བདེའི་དཔལ་ལ་རོལ་བར་མཛད།ཁྱད་པར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ཀྱིས་དུས་མཐར་དུས་ཀྱི་འཁོར་ལོའི་བསྟན་པ་སྤེལ་བ་ལ་ཆོས་རྒྱལ་ཟླ་བཟང་དང་མཛད་པ་མཚུངས་པར་ལུང་བསྟན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེ་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་དང་།སྲས་ཀྱི་ཐུ་བོ་རིགས་ལྡན་པདྨ་དཀར་པོའི་རྣམ་འཕྲུལ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་།རིགས་ལྡན་འཇམ་དཔལ་གྲགས་པའི་རྣམ་རོལ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་ལམ་བཟང་འདི་ཉིད་ལ་གྲུབ་མཐས་བསླད་པའི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་མཐའ་དག་བསལ་ཏེ་རྒྱུད་དོན་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པའི་ཐུགས་རྗེ་ལ་བརྟེན་ནས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་དུས་ཀྱི་འཁོར་ལོའི་འཆད་ཉན་གྱི་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས་གཉེན་དང་ཆོས་སྡེ་མང་དུ་འཕེལ་ཞིང་།མདོ་སྨད་ཀྱི་ལྗོངས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་བཀོད་ལྟར་གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པས་སྙན་བསྐུལ་ཞུས་པ་དང་།གཙོ་ཆེར་རིགས་ལྡན་རྣམ་འཕྲུལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་བཀས་བྱང་ཕྱོགས་ཀྱི་རྒྱུད་འདི་ཤམ་བྷ་ལ་དང་ཁད་ཉེ་བས་དགོན་ལག་རྣམས་སུ་དུས་འཁོར་གྱི་འཆད་ཉན་རེ་ཚུགས་རྒྱུ་བྱུང་ན་ལེགས་པ་དང་།ཁྱད་པར་རང་དགོན་དུ་གྲྭ་ཚང་ཅིས་ཀྱང་ཚུགས་དགོས་གསུངས་པ་བཞིན་རྗེ་བཙུན་ཐམས་ཅད་མཁྱེན་པ་དཀོན་མཆོག་འཇིགས་མེད་དབང་པོ་དེ་ཉིད་ཀྱིས་བཀྲ་ཤིས་འཁྱིལ་དུ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཙུགས་ནས་དུས་འཁོར་གྱི་དབང་དང་།བསྡུས་རྒྱུད་དང་འགྲེལ་ཆེན་བུ་སྟོན་མཆན་སྦྲགས་ཀྱི་བཤད་ལུང་སོགས་སྩལ།མཚོ་སྔོན་བསོད་ནམས་རྡོ་རྗེ་ཝང་གི་ཨུར་གེར་ཡང་དུས་འཁོར་གྱི་དབང་གནང་ནས་རབ་འབྱམས་པ་བསོད་ནམས་ཟླ་བས་དབྱངས་རྟ་ཕྱག་ལེན་སོགས་བསླབ་སྟེ་དུས་འཁོར་སྒྲུབ་མཆོད་ཚུགས་པ་དང་།སྒོ་མེ་ཚོ་བཞིའི་གྲ་བ་ཕྱོགས་གཅིག་བསྡུས་ཏེ་གསང་སྔགས་བདེ་ཆེན་རབ་རྒྱས་གླིང་འདི་ཡང་བཏབ་ནས་སླར་དུས་འཁོར་འཛུགས་བཞེད་ཀྱིས་འཇིགས་བྱེད་སྒྲུབ་མཆོད་སོགས་བཙུགས།བཀྲ་ཤིས་འཁྱིལ་དུ་དུས་འཁོར་གྱི་དབང་གནང་བའི་ཚེ་སྔོན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དབང་གི་མཇུག་ཏུ་ཆོས་ཉན་པ་འདི་ཐམས་ཅད་སླར་ཤམ་བྷ་ལའི་དུས་དམག་ལ་འགྲོ་དགོས་གསུངས་པའི་རྣམ་ཐར་དཔེར་དྲངས་ནས་ད་རེས་ཀྱང་རྟེན་འབྲེལ་གྱི་ཁྱད་ནས་ཁྱེད་རྣམས་ཀྱང་དེ་ལྟར་ཡིན་ཞེས་དབང་ཉན་མཁན་གྱི་གྲངས་བརྩིས་པ་དང་།རྗེ་བླ་མ་ཉིད་མ་འོངས་པ་ན་དྲག་པོ་འཁོར་ལོ་ཅན་གྱི་བློན་ཆེན་ཧ་ནུ་མནྠར་གྱུར་ནས་ཀླ་ཀློའི་བློན་པོ་མཐར་གནས་ཟླ་བ་ཆེན་པོའི་བུ་ལ་མཚོན་གྱིས་བསྣུན་ཏེ་རིག་པ་འཛིན་པའི་སར་འགོད་པ་སོགས་ཀྱི་རྟེན་འབྲེལ་དུ་པཎ་ཆེན་ནས་སྔ་ཕྱིར་ཕྱག་གྲི་སོགས་མཚོན་ཆ་འགའ་ཞིག་སྩལ་བ་དང་།པཎ་ཆེན་རིན་པོ་ཆེས་ཤམ་བྷ་ལའི་སྨོན་ལམ་དཔལ་ལྡན་དང་པོ་མ་གསར་རྩོམ་མཛད་པའི་མཇུག་ཏུའང་ཀུན་མཁྱེན་བླ་མ་ཉིད་ཀྱིས།རྗེ་བཙུན་བླ་མ་མཆོག་ཁྱེད་མ་འོངས་དུས།།ཀ་ལཱ་བ་ཡི་གྲོང་དུ་འཁོར་ལོ་ཆེ།།དྲག་པོར་གྱུར་ནས་ཀླ་ཀློའི་དཔུང་བཅོམ་ཚེ།།བདག་ཀྱང་འཁོར་གྱི་ཐོག་མར་རྗེས་འཛིན་མཛོད།།ཅེས་བྲིས་ཡོད།ཅེས་ཕྱག་བྲིས་མཛད་པའང་པཎ་ཆེན་ནས་སོར་བཞག་གནང་བ་ལ་དགོས་པ་ཆེ་བ་སོགས་ཡབ་སྲས་ཀྱི་གསང་གསུམ་སྒྱུ་མའི་ཟློས་གར་ལས་འོང་བའི་དུས་ལས་མི་ཡོལ་བའི་རྟེན་འབྲེལ་གྱི་རོལ་རྩེད་འགོག་པ་མེད་པ་མང་དུ་མཆིས་པ་ལས་ཟུར་ཙམ་ཞུས་པ་འདིས་དད་པའི་དམིགས་རྐྱེན་བྱས་ནས་ལྷ་དང་བླ་མས་རྗེས་འཛིན་གྱི་ཐབས་མ་ནོར་བ་ལ་འབད་པ་གལ་ཆེ་ཞིང་།རྗེ་བླ་མ་དེ་ཉིད་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཕྱིར་བདག་ཅག་རྣམས་ཀྱི་མགོན་དུ་སླར་ཡང་གསུམ་ལྡན་ངུར་སྨྲིག་འཛིན་པའི་གར་གྱིས་རོལ་བ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྡེའི་ཞལ་སྔ་ནས་ཀྱིས་བསྟན་འགྲོའི་དོན་ལ་གཅིག་ཏུ་དགོངས་པའི་རྒྱལ་སྲས་དཔའ་བོའི་རྣམ་པར་ཐར་པ་བདག་གིར་བཞེས་ནས་ཆོས་སྡེ་འདིར་ཡང་ཡང་ཞབས་ཀྱིས་བཅགས་ཞིང་བྱིན་གྱིས་བརླབས།སྔ་ཕྱིར་འཇམ་དཔལ་མཚན་བརྗོད་ཀྱི་ལུང་།ཀུན་རིག་གི་དབང་།སྒྲོལ་ལྗང་དང་དམ་ཅན་གྱི་རྗེས་གནང་སོགས་ཆོས་བཀའ་དུ་མ་སྩལ།ཀུན་རིག་གི་སྒྲུབ་མཆོད་དང་།ཁྱད་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་།བདག་ཉིད་འཇུག་ཅིང་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་།བཅས་པའི་ཆོ་ག་ཕྱག་ལེན་ཆ་ཚང་ཞིང་རྨ་མེད་པ་གསར་འཛུགས་སོགས་བཀའ་དྲིན་ཚད་མེད་པས་བསྐྱངས་ཤིང་།བཀས་མངགས་པའི་བླ་མ་དམ་པ་རིམ་བྱོན་རྣམས་ཀྱིས་ཀྱང་མི་ཉམས་གོང་འཕེལ་དུ་སྤེལ་བར་མཛད་པ་འདི་བཞིན་ལགས་ལ།དེ་ལྟ་བུའི་སྒྲུབ་མཆོད་དང་འབྲེལ་བར་རང་ཅག་རྣམས་ཀྱིས་ཟླ་འོད་འབུམ་གྱིས་རྩེ་དགས་རོལ་པའི་འོ་མའི་ཆུ་གཏེར་ལ་འགྲན་པར་བཟོད་པའི་དགེ་ཚོགས་ཇི་རྙེད་ཅིག་འདུ་བགྱིས་པའི་མཐུ་ལ་བརྟེན་ནས་ཐུབ་བསྟན་ཡང་སྙིང་བློ་བཟང་འཇམ་དཔལ་སྙིང་པོའི་འཁྲུལ་བྲལ་མདོ་སྔགས་བསྟན་པའི་རིང་ལུགས་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཡར་ཟླའི་དཔལ་ལྟར་གོང་དུ་འཕེལ་ཞིང་།དེ་འཛིན་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཞིང་།རྣམ་པར་དཀར་བའི་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་།ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་དང་ཆོས་སྡེ་འདིར་ཡང་ལམ་བསླབ་པ་གསུམ་གྱི་ཉམས་ལེན།ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། རྒྱུད་སྡེ་བཞིའི་བཤད་སྒྲུབ་སོགས་ལུང་རྟོགས་བསྟན་པའི་བྱ་བ་དབྱར་མཚོ་ལྟར་འཕེལ་བ་དང་།ལྗོངས་འདིས་མཚོན་པའི་ཡངས་པའི་འཇིག་རྟེན་ཀུན་ཏུ་ནད་ཡམས་མུ་གེ་འཐབ་རྩོད་སོགས་སྙིགས་མའི་རྒུད་པ།མཐའ་དག་ལྷག་མེད་དུ་ཞི་ནས་ཆོས་འབྱོར་བདེ་སྐྱིད་གསར་བའི་དཔལ་ལ་སྤྱོད་པ་དང་།རང་ཅག་འབྲེལ་ཐོགས་ཀུན་ཀྱང་ཚེ་རབས་ཀྱི་ཕྲེང་བར་དམ་པའི་ཆོས་ཀྱི་སྣང་བ་ཁྱད་པར་ཅན་དང་མི་འབྲལ་ཞིང་།ཁྱད་པར་བྱང་ཕྱོགས་ཀ་ལཱ་པ་ཞེས་བྱ་བ་གྲོང་ཁྱེར་བྱེ་བ་གོ་དྲུག་གིས་སྤྲས་ཤིང་།ལོངས་སྤྱོད་ལྷ་དང་མཉམ་པ།ས་གཞི་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་ལྟེ་བར་མ་ལ་ཡའི་སྐྱེད་མོའི་ཚལ་དང་།པདྨ་དཀར་པོའི་མཚོ་དང་།ཡིད་ཀྱི་མཚོ་ལ་སོགས་པས་བསྐོར་བའི་དབུས་སུ་ཕོ་བྲང་ཆེན་པོ་ཀ་ལཱ་པ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་ཅིང་དཔག་ཚད་བཅུ་གཉིས་ཀྱི་ཁྱོན་དང་ལྡན་པས་ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་པའི་ཞིང་དེར་ད་ལྟ་ས་སྙིང་སྤྲུལ་པ་ཆོས་རྒྱལ་སྟོབས་པོ་ཆེས་མདོ་སྔགས་ལམ་བཟང་གི་འོད་སྣང་སྤྲོས་པས་མངའ་ཞབས་འཁོར་འབངས་མཐའ་དག་ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ཀྱི་དགའ་བདེས་རོལ་པའི་གནས་དེར་སྐྱེས་ནས་རིགས་ལྡན་བླ་མའི་གསུང་གི་བདུད་རྩིས་བདག་རྒྱུད་སྨིན་ཅིང་།མ་འོངས་དྲག་པོའི་འཁོར་ལོ་ཅན་གྱིས་ཀླ་ཀློའི་དཔུང་ཚོགས་བཅོམ་སྟེ་དུམ་བུ་བཅུ་གཉིས་ས་ཡི་ཁྱོན་ལ་གསང་ཆེན་ཆོས་ཀྱི་འོད་དཀར་སྤྲོས་ནས་རྫོགས་ལྡན་གསར་པའི་དགའ་སྟོན་ངོམས་པའི་ཚེ་ན་འཁོར་གྱི་ཐོག་མར་གྱུར་ནས་སྐུ་བཞིའི་གོ་འཕང་འགྲུབ་པ་སོགས་ཡིད་ལ་རེ་བའི་ཆོས་ལྡན་གྱི་སྨོན་དོན་མཐའ་དག་གེགས་མེད་བསམ་བཞིན་འགྲུབ་པའི་སྐྱབས་འཇུག་མཁྱེན་བརྩེའི་སྤྲིན་དཀར་རོལ་པའི་ཀློང་ནས་དུས་ཀུན་འདོར་བ་མེད་པ་མཁྱེན་མཁྱེན་མཁྱེན་ལགས།ཞེས་དུས་འཁོར་ཀྱི་ལོ་རྒྱས་དང་འབྲེལ་བའི་སྐྱབས་འཇུག་གི་བཤད་པ་འདི་ཡང་སྒོ་མེའི་གྲྭ་བ་འགའ་ཞིག་གི་འདོད་མོས་ལྟར།༧དགེ་སློང་ཤེས་རབ་རྒྱ་མཚོས་སྒོ་མེ་གསང་སྔགས་བདེ་ཆེན་རབ་རྒྱས་གླིང་ནས་འཕྲལ་དུ་བྲིས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།