སྐྱབས་མགོན་མཆོག་གིས་དཔོན་ཚང་ཝང་གི་སའི་ཆར་རྡོར་ཕྲེང་གི་དབང་སྩལ་བའི་སྐབས་ཀྱི་སྐྱབས་འཇུག་ཞུ་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:49:12     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

འོ་ལགས་སོ།།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྒོ།།བརྒྱ་ཕྲག་དུས་གཅིག་འབྱེད་མཛད་བླ་མ་དང་།།སྐྱོབ་པ་མཚུངས་མེད་རིན་ཆེན་རྣམ་གསུམ་གྱིས།།དེང་འདིར་བཀྲ་ཤིས་དངོས་གྲུབ་ཆར་དུ་ཕོབས།།ཞེས་སྲིད་ཞིའི་དགེ་མཚན་མཐའ་དག་མགྲོན་དུ་འགུག་པའི་ལེགས་བརྗོད་ཚངས་པའི་དབྱངས་ཀྱི་རོལ་རྩེད་དང་འགྲོགས་པའི་བཀྲ་ཤིས་ཀྱི་བདེན་ཚིག་པདྨ་དཀར་པོའི་ཕྲེང་བ་འཐོར་བ་སྔོན་དུ་བཏང་སྟེ།ཇི་སྐད་དུ།འཛམ་གླིང་མཁས་དང་གྲུབ་པ་མ་ལུས་པའི སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ།།ཞེས་གསུངས་པ་ལྟར་རབ་འབྱམས་རྒྱ་མཚོའི་རྡུལ་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཏིལ་གྱི་གང་བུ་བཞིན་བར་མཚམས་མེད་པར་འཁྲིགས་པའི་བདེ་བར་གཤེགས་པ་རྣམས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཕྱུག།ངོ་མཚར་རྒྱ་མཚོའི་འབྱུང་གནས་ཡི་དམ་གྱི་ལྷ་ནམ་མཁའི་སྐར་ཚོགས་ལྟ་བུའི་རྟེན་དང་བརྟེན་པར་བཅས་པ་སྤྲོ་བ་དང་བསྡུ་བའི་བདག་ཉིད།རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ཐ་མལ་གདུལ་བྱའི་སྣང་ངོར་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་བ།མ་དྲོས་ཆུ་གཏེར་ཆེན་པོར་ཛམ་བུ་པྲིཀྵའི་ལྗོན་པའི་ལོ་འདབ་ལྷུང་བའི་སྒྲ་དབྱངས་ཀྱིས་རྗེས་སུ་བསྔགས་པའི་གླིང་ཆེན་པོའི་ཁྱོན་ཡོངས་སུ་འཁོད་པའི་མཁས་པ་དང་གྲུབ་པའི་སྐྱེ་བོ་མ་ལུས་པའི་རལ་པའི་དོ་ཀེར་ནོར་བུའི་ཅོད་པན་གྱིས་གང་གི་ཞབས་སྟེགས་ཀྱི་པདྨ་མངོན་པར་མཆོད་པ།ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐའ་ཡས་པའི་ཚོགས་ཀྱིས་ཐུབ་བསྟན་ཡོངས་སུ་རྫོགས་པའི་དཔལ་ལ་དབང་འབྱོར་བའི་ཆོས་ཀྱི་རྒྱལ་བོ་ཆེན་པོ།རྣམ་པར་དཀར་བའི་མཛད་འཕྲིན་ཀྱི་གྲགས་སྙན་བ་དན་དཀར་པོ་སྲིད་པ་གསུམ་ན་རྣམ་པར་གཡོ་བ་གང་གི་ཞབས་སེན་ནོར་བུའི་མེ་ལོང་སྤྱི་གཙུག་དད་པའི་རྒྱན་དུ་བཀོད་དེ་སོར་བཅུའི་འདབ་མ་སྙིང་གར་ཟུམ་པའི་ཕྱག་དང་བཅས་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་སྙིང་པོ་ནི།དེ་ཡང་སྔོན་བྱོན་རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱིས༌དཀའ་བ་བརྒྱ་ཕྲག་གིས་བསྒྲུབ་པའི་གནད་ཀྱི་དོན་པོ།ཚོགས་གཉིས་རབ་དཀར་གངས་ཀྱི་རི་བོ་ཐུགས་རྗེ་ཉིན་བྱེད་དྲོད་ཀྱིས་བཞུས་ཏེ་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ཀྱི་རྭ་བར་མིག་གི་དགའ་སྟོན་དུ་འཁྱིལ་བ།ནམ་མཁའི་དབྱངས་ཀྱི་མཐའ་དང་མཚུངས་པའི་ལས་ཀྱི་བགོ་སྐལ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་སྡུག་ཀུན་ནད་བརྒྱའི་ཟུག་རྔུ་མ་ལུས་པ་འབྱིན་པའི་སྨན་གྱི་ལྗོན་པ་ཆེན་པོ་ལུས་ཅན་ཐར་འདོད་ཡོངས་ཀྱི་ལེགས་ལམ་གསལ་བའི་སྒྲོན་མེ་གཅིག་པུ་ནི་ལུང་རྟོགས་ཀྱི་བསྟན་པ་ཉག་གཅིག་ཡིན་ཏེ།ཇི་སྐད་དུ།འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས།ཀྱེ་མ་ཁྱོད་ཀྱི་བསྟན་པ་ནི ཁྱོད་བསྟན་འཛིན་པར་སུ་མི་གུས།།ཞེས་གསུངས་པ་ལྟར་ལ།དེ་ཉིད་སྐྱེ་འགྲོ་མ་ལུས་པའི་ཕྱག་མཆོད་ཀྱི་རྟེན་དང་།ཕན་བདེ་ཟད་པ་མེད་པའི་གསོས་སུ་ནམ་ཡང་མི་ནུབ་པར༌གནས་བ་ཡང་དམ་པའི་སྐྱེས་མཆོག་རྣམས་ཀྱི་རྣམ་དཔྱོད་ཆུ་འཛིན་འཁྲིགས་པའི་ཀློང་ནས་ལེགས་བཤད་བདུད་རྩིའི་ཆུ་ཆར་དུས་སུ་ཕབ་པ་ལ་རག་ལས་པས་སྔོན་བྱོན་རྒྱལ་བྱོན་པཎ་གྲུབ་རྣམས་ཀྱིས།ཅི་ལྟར་དབང་ཆེན་གསེར་གྱི་ས་གཞིས་ལྷུན་པོའི་དབང་བོ་ཁོར་ཡུག་དང་བཅས་བ་འདེགས་པའི་སྤྲོ་བ་འཛིན་པ་བཞིན་དུ་ཐུབ་བསྟན་རིན་པོ་ཆེ་གོང་འཕེལ་དུ་སྤེལ་ཏེ།ཡངས་པའི་ས་ཆེན་པོ་ལ་སྤྱོད་པའི་སྐྱེ་བོ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགསཔ་ལ་ལོངས་སྤྱོད་པས་དུས་འདའ་བར་གྱུར་ལ།དེ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་ནམ་མཁའི་དབྱིངས་སུ་རྒྱུ་སྐར་གྱི་ཚོགས་བཀྲ་བ་ལྟ་བུའི་ནང་ནས་ཆ་ཤས་ཡོངས་སུ་གང་བའི་ཉ་རྒྱས་ཟླ་བ་ལྟར་མངོན་པར་འཕགས་པ།སྐྱབས་མཆོག་ཐུགས་རྗེ་བདག་ཉིད་ཅན་ཉིད་ནི།བསྐལ་པ་དཔག་མེད་པའི་སྔ་རོལ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ།རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པར་མཛད་ཅིང་།བསྟན་པ་འདི་ལའང་ཤར་ཕྱོགས་མངོན་དགའི་ཞིང་གི་གཙོ་བོ་རྒྱལ་བ་མི་འཁྲིགས་པའི་སྐུའི་རྣམ་རོལ་རྒྱལ་སྲས་ཆེན་པོ་དྲི་མེད་གྲགས་པ་སོགས་མཁས་གྲུབ་ནམ་མཁའི་ཉི་ཟླ་ལྟ་བུ་དུ་མའི་སྐུའི་རྣམ་པར་བསྟན་ཏེ་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་རྒྱས་པར་མཛད།ཁྱད་པར་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་བོད་དབུས་གཙང་གི་ལྗོངས་སུ་ཐུབ་བསྟན་ཡོངས་ཀྱི་བདག་པོ་གཅིག་པུར་གྱུར་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་མ་དང་།ཕ་བོང་ཁའི་མཁན་པོ་མཛད།རྒྱལ་བའི་དབང་བོ་པད་དཀར་འཛིན་པ་དང་།ཁྲི་ཆེན་དགེ་འདུན་ཕུན་ཚོགས་སོགས་ཆེ་དགུ་ཀུན་གྱི་བླ་མར་གྱུར།དགུང་ལོ་རེ་གཉིས་པ་ས་མོ་གླང་གི་ལོར་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མིའི་དབང་ཕྱུག་དགའ་ལྡན་ཨེར་ཏི་ནི་ཇུ་ནང་ཡབ་སྲས་ཀྱིས་མདོ་སྨད་དུ་འབྱོན་པའི་གསོལ་བ་བཏབ་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་དུ་མའི་འཁོར་དང་བཅས་ལོ་དེའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་གྱི་ཉིན་འབྲས་སྤུངས་ནས་ཆིབས་བསྒྱུར་ཏེ་དགུ་བའི་ཚེས་བདུན་གྱི་ཉི་དྲོས་ལ་དང་པོའི་མདོར་དཔོན་ཚང་གི་ཨུར་གེའི་སྟེང་དུ་ཕེབས།དགོན་གསར་འདེབས་ཀྱི་དོན་དུ་སྐུ་མཚམས་མཛད་པའི་བཞུགས་སྒར་གྱི་གནས་ལ་རྩེ་མདོ་བཀྲ་ཤིས་ཆོས་རྫོང་ཞེས་མིང་བཏགས།ལོ་དེར་དགོན་འདེབས་པའི་སྐར་འཛིན་དང་།དགུང་ལོ་རེ་གསུམ་པ་ལྕགས་སྟག་ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་སྔ་དྲོ་ཤ་བོ་རུ་རྩེའི་མདོར་གསོ་སྦྱོང་མཛད་དེ་ཆོས་གྲྭ་ཚུགས།ལམ་རིམ་ཆེན་མོའི་དབུ་ནས་གསུང་ཆོས་དང་།བསྡུས་གྲྭ།དཀའ་པོད་ལྔ།བདེ་གསང་གི་ཊིཀྐ་བསྐྱེད་རྫོགས་བཅས་ཉིན་བཅོ་ལྔའི་རིང་རྗེ་ཉིད་མ་ཆག་པར་ཕེབས་ཏེ་བརྩི་བཞག་གནང་།དབུས་ནས་རྒྱལ་དབང་ཐམས་ཅད་མཁྱེན་པས་སྒོ་མང་ཨེར་ཏི་ནི་ནོ་མོ་ཧན་ཞེས་པའི་མཚན་དང་ཐམ་ཀ་བྱུང་བ་ལ་དཔོན་ཚང་ནས་དགའ་སྤྲོའི་སྟོན་ཆེན་ཕུལ།དེ་ནས་ཟླ་བ་བཞི་བའི་ཆོས་གསུམ་གྱི་ཉིན་དཔོན་དཔོན་མོ།སྲས་དོན་གྲུབ་དབང་རྒྱལ་སོགས་སྐྱ་སེར་དུ་མའི་འཁོར་དང་བཅས་དགོན་གནས་ཚོལ་བ་ལ་ཕེབས་ཏེ།ཇི་སྐད་དུ།རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས།ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།།མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།།གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།།སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།།ཅེས་པ་ནས།ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང་།།གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།།ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།ཅེས་དང་།ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད།།དུང་དཀར་པོ་གཡས་སུ་འཁྱིལ་བ་ལ།།དར་དམར་པོ་རཱ་གའི་ཅོད་པན་ཡོད།།ཅེས་གནས་ཀྱི་ཆགས་ཚུལ་མཚན་སྒྲ་དང་བཅས་གསལ་བར་ལུང་བསྟན་པ་ལྟར་བཀྲ་ཤིས་འཁྱིལ་དུ་དགོན་གསར་འདེབས་ཀྱི་ས་ཆོག་མཛད།སླར་ཡང་ཨུར་གེ་ནས་གདན་དྲངས་ཏེ་རྩེ་གཞུང་དུ་ཞག་བཅོ་ལྔའི་ཆོས་ཐོག་ཚུགས་ཏེ་ལེགས་བཤད་སྙིང་བོ་དང་སྟོང་ཐུན་སྦྲགས་པའི་གཟབ་བཤད་དང་།འཇམ་དབྱངས་ཆོས་སྐོར་སོགས་བཀའ་ཆོས་མང་པོ་གནང་།དཔོན་ཚང་གི་རྟེན་རྣམས་ལ་ཉིན་གསུམ་གྱི་རིང་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་རབ་གནས་མཛད།དཔོན་རིན་པོ་ཆེ་ནས་ཚོགས་པ་བརྒྱད་བརྒྱ་ཤོང་བའི་ཕྱིང་གུར་གྲུ་བཞི་དང་གྲྭ་བ་བརྒྱ་སོགས་དངོས་འབུལ་བསམ་གྱིས་མི་ཁྱབ་པ་བསྟར་ཏེ་སྔ་ཕྱིའི་སྦྱིན་བདག་གི་མཐིལ་མཛད།བདུན་པའི་ཚེས་བཅུ་གསུམ་གྱི་ཉིན་བཀྲ་ཤིས་འཁྱིལ་དུ་ཆོས་ཐོག་ཚུགས་པ་ནས་བཟུང་དགུང་ལོ་དོན་གསུམ་བཞེས་ཀྱི་བར་དུ་ཐུབ་བསྟན་རིན་པོ་ཆེ་ཆེས་ཆེར་སྤེལ་ཏེ།བྱང་ཕྱོགས་མུན་པའི་སྨག་རུམ་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བར་མཛད།དེ་རྗེས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གཉིས་པ་རྗེ་བཙུན་འཇིགས་མེད་དབང་བོའི་ཞབས་དེ་ཉིད་ཀྱིས་མཁས་བཙུན་བཟང་གསུམ།མཁྱེན་བརྩེ་ནུས་གསུམ་གྱི་མཛད་པའི་སྒོ་ནས་ནུབ་ཕྱོགས་ཛ་ཏིའི་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་མཐའ་ལ་ཐུག་གི་བར་དུ་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་མཛད་ཅིང་།སྔ་ཕྱིར་ཝང་གི་ཨུར་གེ་གྲྭ་ཚང་དུ་ཆབ་སྲིད་བརྟན་པའི་རིམ་གྲོ་དང་།ཆོས་བཀའ་མང་པོ་དང་།ཁྱད་པར་དགུང་ལོ་ཞེ་དགུ་པ་མེ་སྤྲེལ་ཟླ་བ་ལྔ་བའི་ཚེས་ཉེར་གཉིས་ནས་དབུ་བརྩམས་ཏེ་རྡོ་རྗེ་ཕྲེང་བའི་དབང་དང་།ཨུར་གེ་གྲྭ་ཚང་ལ་སྒེར་དུ་འཇིགས་བྱེད་བཅུ་གསུམ་དང་ཀུན་རིག་གི་དབང་སོགས་སྩལ།ལོ་དེར་ཐན་པ་ཆེ་བས་རྩེ་ཆུ་ཆད་ཅིང་།ཆུ་མིག་ཕལ་ཆེར་སྐམ་ཡོད་པ་ལ་དབང་གི་སྟ་གོན་གྱི་ནུབ་མོ་ནས་ཆར་གྱི་རྒྱུན་བཟང་པོ་བབས་ཏེ་སོར་ཆུད་པས།ཞལ་ནས།རྟེན་འབྲེལ་ཤིན་ཏུ་ལགས།ཆོས་གེགས་མེད་དུ་མཐར་ཕྱིན་པར་འདུག་གསུངས་པ་སོགས་སྐུ་ཕྲེང་ཐམས་ཅད་དུ་མཆོད་ཡོན་ལུ་གུ་རྒྱུད་དུ་འབྲེལ་བའི་དད་པ་དང་དམ་ཚིག་གཙང་བའི་རྟེན་འབྲེལ་གྱིས་སྐུ་ཚེ་འདི་ཉིད་ལའང་ཕྱོགས་འདིར་ཞབས་ཀྱི་པདྨོ་ཡང་ཡང་བཀོད་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་སྐྱོང་བཞིན་པར་མ་ཟད།ད་རེས་ཀྱི་ཆ་ལའང་གནས་ཕུན་སུམ་ཚོགས་པ།ས་རྩེ་བརྒྱད་ལུང་བ་ཕྱོགས་སུ་གྱེས།།ཞེས་དྲི་མེད་བླ་མ་ཡབ་སྲས་ཀྱིས་ལུང་བསྟན་མེ་ཏོག་དཀར་པོ་འཐོར་བའི་ཞིང་འདིར། དུས་ཕུན་སུམ་ཚོགས་པ་བཅུ་གཉིས་ཁྱིམ་གྱི་བདག་པོ་མི་བཟད་དུས་ཀྱི་མུན་པ་ཟ་བར་ཆས་པའི་ལེགས་ལམ་ཤེལ་གྱི་སྣང་བ་འབར་ཞིང་།ཉལ་འགྲོའི་རྒྱུན་ཀུན་འཆིང་བ་དམ་པོའི་རྒྱ་ལས་གྲོལ་ཏེ་གང་འདོད་བདེ་བའི་ལམ་དུ་བག་ཡངས་སུ་རྒྱུ་ལ།འཛིན་མའི་ཐིག་ལེ་རྩི་བཅུད་རྐང་འཐུང་གསར་བའི་གོས་ལྗང་ཀླུབས་པ་སོགས་བརྟན་དང་གཡོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐྱ་རེངས་ཀྱི་སྣང་བ་ཤར་བའི་དུས་སུ།སྟོན་པ་ཕུན་སུམ་ཚོགས་པ་འཇིག་རྟེན་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།སྲིད་ཞིའི་དངོས་པོ་མཐའ་དག་ལ་སྟོབས་བཅུའི་འཇུག་པ་ཡོངས་སུ་དག་པའི་བླང་དོར་གྱི་གནས་ཀུན་ལ་དབང་ཕྱུག་དམ་པའི་ཕ་རོལ་ཏུ་ཕྱིན་ཏེ།མི་བཟད་བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་མཆོག་མངའ་བ་སྐྱབས་མགོན་ཐམས་ཅད་གཟིགས་པ་ཉིད་སྐུ་ཐུགས་ཟུང་དུ་འཇུག་པའི་བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་བདག་པོའི་སྐུར་བཞེངས་ཏེ།འཁོར་ཕུན་སུམ་ཚོགས་པ་མདོ་སྔགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཐུགས་སྲས་དམ་པ་ཁྲི་ཆེན་མཆོག་གི་སྤྲུལ་པའི་སྐུའི་གཙོ་མཛད།བསྔགས་འོས་ཡོན་ཏན་གྱི་གདེངས་ཀ་མངོན་པར་མཐོ་བའི་བཤེས་གཉེན་དུ་མ་དང་།བསྟན་པའི་སྦྱིན་བདག་དམ་པ་ས་སྐྱོང་ཆེན་པོ་དཔོན་ཡུམ་སྲས་བློན་འབངས་དང་བཅས་པའི་ཚོགས་སོགས་སྐལ་བ་དང་ལྡན་པའི་དད་འདུས་ཀྱི་གདུལ་བྱའི་ཚོགས་ལ།ཆོས་ཕུན་སུམ་ཚོགས་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་གནས་ལྔ་རིག་པའི་སློབ་དཔོན་ཨ་བྷྱ་ཀཱ་ར་དང་།པཎྜི་ཏ་དརྤན་ཨ་ཙརྱ་ལ་དངོས་སུ་གནང་བའི་ཕྲེང་བ་དང་ཀྲྀ་ཡ་སྔགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཕྱག་ལེན་རྣམ་པར་དག་པས་བརྒྱན་ཏེ་ངོ་མཚར་བའི་གསུང་བཤད་དང་བཅས་ལེགས་པར་སྩལ་ནས་རྡོ་རྗེའི་རིགས་ཀྱི་གདུལ་བྱ་མཐའ་དག་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་མངར་གྱིས་ཡོངས་སུ་གཏམས་པས་རབ་དགའི་གླུ་དབྱངས་སྲིད་རྩེའི་བར་དུ་སྒྲོགས་པར་མཛད་ཅིང་།མཐོང་ཐོས་དྲན་རེག་གིས་བསྡུས་པའི་འགྲོ་བ་རྣམས་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་བསྩལ་བ་ནི་བགྲང་ཡས་བསྐལ་བར་མགོ་ལ་ཐོད་བཞིན་བཀུར་ཏེ་ལུས་ཤ་ཁྲག་གིས་མཆོད་ཅིང་གཞལ་བར་དཀའ་བའི་བཀའ་དྲིན་གྱི་གནས་སུ་གྱུར་པ་ལགས་པས།སྐབས་དོན་གྱི་ཞུ་བའི་གཙོ་བོ་སླད་མའི་ཆར་ཡང་ཇི་སྐད་དུ།སེམས་ཅན་འདི་དག་བདག་གི་གཉེན་ཡིན་ཏེ།ཡུན་རིང་དུས་སུ་ཕན་པ་དཔག་མེད་བྱས།།འདི་དག་སྡུག་བསྔལ་རྒྱ་མཚོར་ལྷུང་བ་ལ།།རྣམ་པ་ཀུན་ཏུ་བརྩེ་བར་བྱ་བར་རིགས།།ཞེས་གསུངས་པ་ལྟར་ཡང་ཡང་དྲིན་གྱིས་བསྐྱངས་པའི་འགྲོ་བ་འདི་དག་མི་བཟད་འཁོར་བའི་གཅོང་རོང་འདིར་སྡུག་བསྔལ་གསུམ་གྱི་ཉམ་ཐག་པ་ལ་པདྨའི་བཞིན་ལ་ཆགས་པའི་བུང་བ་བཞིན་བརྩེ་བའི་ཐུགས་ཀྱིས་དགོངས་ཤིང་།སྙིགས་མ་ལྔ་བདོ་བའི་སེམས་ཅན་ཉོན་མོངས་བའི་དུག་ཆུས་ཡིད་མྱོས་པ་རྣམས་ཀྱི་སྨྱོ་སྤྱོད་ཀྱི་ཟློས་གར་གཟིགས་པ་ནའང་ལྷག་པར་བྱམས་དང་སྙིང་རྗེའི་འཛུམ་གྱིས་བསུས་ཏེ་འཕྲིན་ལས་ཀྱི་ཕྱག་གིས་སྐྱོང་བའི་རྒྱལ་སྲས་དཔའ་བོའི་རྣམ་ཐར་བདག་གིར་བཞེས་ཏེ་ཞབས་ཟུང་གསེར་གྱི་འཁོར་ལོ་གཞིག་བྲལ་རྡོ་རྗེའི་ཁྲི་ལ་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་ནས་སྤྱིར་གསང་བ་གསུམ་གྱི་རོལ་བའི་སྒོ་མཐའ་དག་དང་།བྱེ་བྲག་མཛད་པའི་ཡང་རྩེ་གསུང་རྗེས་བསྟན་གྱི་ཆོ་འཕྲུལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་སྙིང་བོ་ཕྱོགས་མཐར་རྒྱས་པར་མཛད་དུ་གསོལ་ཞེས་རྩེ་གཅིག་གསོལ་བ་འདེབས་པའི་རྟེན་དང་།དམ་པའི་ཆོས་ཀྱི་གཏང་རག་གི་མེ་ཏོག་མཚོན་བྱེད་ཙམ་དུ།༝།བཅས་ཕུལ་བའི་རབ་དཀར་ཟླ་ཟེར་འོད་ཀྱིས་བྱུགས་པའི་ཀུནྡའི་ཕོན་པོ་ལྟར་མཆོག་ཏུ་དཀར་བ་ཇི་སྙེད་ཅིག་འདུ་བགྱིས་པའི་མཐུ་ལ་བརྟེན་ནས་ཐུབ་བསྟན་ཡང་སྙིང་བློ་བཟང་རྒྱལ་བསྟན་ཕྱོགས་མཐར་རྒྱས་ཤིང་།ཡངས་བའི་འཇིག་རྟེན་ཀུན་ཏུ་ནད་ཡམས་མུ་གེ་འཐབ་རྩོད་འཁྲུགས་ལོངས་སོགས་ཉེ་བར་ཞི་ནས་ཆོས་འབྱོར་བདེ་སྐྱིད་གསར་བའི་དཔལ་ལ་སྤྱོད་པ་དང་།འདིར་ཚོགས་མཐོང་ཐོས་དྲན་རེག་གི་འབྲེལ་བ་ཐོབ་པའི་སྐྱེ་བོ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྩེ་ཆེན་ཐུགས་རྗེ་ཕྱག་གིས་ཉེ་བར་བཟུང་སྟེ་ཕྲ་རགས་འཁོར་བའི་མཚོ་ལས་བསྒྲལ་ཏེ་མི་གནས་མྱ་ངན་འདས་པའི་ས་ལ་མྱུར་དུ་རེག་པ་དང་།བྱེ་བྲག་ས་སྐྱོང་མིའི་དབང་ཕྱུག་རྒྱལ་བློན་འབངས་འཁོར་དང་བཅས་པ་ཐམས་ཅད་ལ་ཕྱི་ནང་གི་ཉེར་འཚེའི་རིགས་ཞི་ཞིང་མཆོག་གསུམ་བླ་མར་འཛིན་པའི་དད་གུས།མངའ་འབངས་ཆོས་བཞིན་སྐྱོང་བའི་བྱམས་བརྩེ།དགྲ་སྡེ་ཟིལ་གྱིས་གནོན་པའི་དཔའ་རྩལ་སོགས་སྔོན་རབས་ཆོས་རྒྱལ་དང་ཡབ་མེས་གོང་མའི་དུས་ཀྱི་བསྟན་སྲིད་ཚུལ་བཞིན་སྐྱོང་བའི་བཀའ་ཁྲིམས་བཟང་པོས་དུས་འདའ་ཞིང་།མངའ་འབངས་ཀུན་ཀྱང་ཡ་རབས་སྐྱེ་བོའི་ལུགས་བཟང་དང་དུ་བླངས་ཏེ་རྫོགས་ལྡན་གསར་བའི་དཔལ་ལ་སྤྱོད་པའི་སྐྱབས་འཇུག་དུས་ནམ་ཡང་འདོར་བ་མེད་པ་དང་།གོང་ཞུས་ཀྱི་རེ་བའི་སྙེ་མ་དོན་གཉིས་འབྲས་བུས་དུད་པའི་ཞལ་བཞེས་སྤྱི་བོར་སྩོལ་བ་མཁྱེན་མཁྱེན་མཁྱེན་ཞེས་ཞུ་ལགས།ཞེས་སྐྱབས་མགོན་མཆོག་དགུང་གྲངས་དྲུག་ཅུ་བཞེས་པ་ལ་རབ་བྱུང་བཅུ་བཞི་བའི་བགྲང་བྱ་ཞེ་ལྔ་པ་ལྕགས་ཕག་ཟླ་ཚེས་ལ་དཔོན་ཚང་ཝང་གི་སའི་ཆར་རྡོར་ཕྲེང་གི་དབང་སྩལ་བའི་སྐབས་ཀྱི་སྐྱབས་འཇུག་ཞུ་ཐོ་འདིའང་འགའ་ཞིག་གི་འདོད་མོས་ལྟར།༧བཙུན་གཟུགས་ཤེས་རབ་རྒྱ་མཚོས་ཡིད་ལ་གང་ཤར་འཕྲལ་དུ་བྲིས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།