རྗེ་ཤེས་རབ་རྒྱ་མཚོའི་སྔགས་ཀྱི་ཚིག་བཀྲ་ཐུན་མོང་ལམ་གྱི་རྒྱུད་སྦྱངས་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:47:29     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ།ཐུན་མོང་ལམ་གྱི་རྒྱུད་སྦྱངས་སྡོམ་པ་གསུམ་ལྡན།།།རིམ་གཉིས་རི་དབང་ལྟར་བརྟན་རྣལ་འབྱོར་དང་།སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི།།ཉམས་ལྡན་མཁས་གྲུབ།ཅེས་གསུངས་པ་ལྟར་སྲིད་ཞིའི་མཐའ་གཉིས་འགོག་པའི་ཐེག་པ་མཆོག་གི་ཡོངས་འཛིན་དམ་པའི་མགོན་ལ་བརྟེན་ནས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་དང་བཅས་པའི་ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱངས་ཏེ།ཉེས་ལྟུང་རྙོག་བས་དབེན་པའི་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་པདྨའི་སྦུབ་ལྟར་གཙང་ཞིང་།སྨིན་བྱེད་དབང་གི་ཆུ་བོ་སྐུ་བཞིའི་ས་བོན་ཐེབས་ངེས་སུ་མནོས་ནས་གྲོལ་བྱེད་ཟབ་ལམ་རིམ་པ་གཉིས་ཀྱི་ཉམས་དང་རྟོགས་པས་ཐུགས་རྒྱུད་མཛེས་པ།ལྷ་སྔགས་ཏིང་ངེ་འཛིན་གྱི་ཉམས་རྩལ་རྫོགས་པའི་མཁས་གྲུབ་གདེངས་ཅན་བྱེ་བ་དམ་པའི་ཆོས་ཀྱི་དགའ་སྟོན་དུ་གདན་འཛོམ་སྟེ་ནུབ་ཕྱོགས་ཨོ་རྒྱན་དྷརྨ་གཉྫར་འགྲན་བཟོད་པའི་མདུན་ས་གང་འདིར་རང་ཅག་རྣམས་ཀྱིས་དབྱངས་གསལ་མཐའ་ཅན་གྱི་རྒྱུད་སྡེ་སུམ་ཅུ་སོ་དྲུག་གི་གཙོ་བོ་ཐབས་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་འཆད་པའི་ཕ་རྒྱུད་གསང་བ་འདུས་པ། ཤེས་རབ་དོན་དམ་འོད་གསལ་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་སྡེ་བྱེ་བ་ཕྲག་བཅུ་དྲུག་གི་གཙོ་བོ་མ་རྒྱུད་འཁོར་ལོ་བདེ་མཆོག།ཕ་མའི་རྒྱུད་གཉིས་ཀའི་ཟབ་གནད་ཚང་ཞིང་ཁྱད་པར་ལྔས་རྒྱུད་སྡེ་གཞན་ལས་འཕགས་པ་རྡོ་རྗེ་འཇིགས་བྱེད་དེ།དཔལ་བདེ་གསང་འཇིགས་གསུམ་གཙོ་བོར་གྱུར་བའི་དགོངས་དོན་ལས་བརྩམས་པའི་འབེལ་གཏམ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཉེར་བཞིའི་ཡུལ་གྱི་གནས་གསུམ་དཔའ་བོ་མཁའ་འགྲོ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་དུ་བསྟར་བའི་དགེ་ཚོགས་འབུམ་ཕྲག་ཟླ་གཞོན་ཞུ་བའི་འོ་མཚོ་མཁའ་ལ་འཕྱུར་བ་ལྟར་མཆོག་ཏུ་དཀར་བ་ཇི་སྙེད་ཅིག་བསགས་པའི་མཐུ་དང་།ཁྱད་པར་དུ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་པདྨ་དཀར་པོ་ལྟ་བུར་ཆེས་ཆེར་བསྔགས་པའི་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་སྟོབས་བཅུ་མངའ་བ་མཉམ་མེད་ཐུབ་པའི་དབང་བོའི་ཐུགས་བསྐྱེད་སྨོན་ལམ་དང་རྒྱལ་དང་རྒྱལ་སྲས་དམ་པའི་སྐྱེས་མཆོག་གོང་མ་རྣམས་ཀྱིས་བསྟན་འགྲོར་གཅིག་ཏུ་སྨན་པའི་ཐུགས་བཞེད་བཞིན་ཁོར་ཡུག་གངས་ཀྱི་ར་བས་བསྐོར་བའི་ལྗོངས་འདིར་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན།ལམ་བསླབ་པ་གསུམ་གྱི་ཉམས་ལེན།གསང་ཆེན་རྒྱུད་སྡེ་བཞིའི་བཤད་སྒྲུབ་སོགས་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་མཐའ་དག་དུས་ཀྱི་མཐར་ཡང་མི་ཉམས་གོང་འཕེལ་དུ་རྒྱས་པ་དང་།ཚུལ་དེ་ལ་བརྟེན་ནས་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་པུ་ཀུན་གཟིགས་ཡེ་ཤེས་ཀྱི་ཕུང་བོ་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞབས་སེན་བཀྲ་ཤིས་ཀྱི་རི་མོ་མི་འཇིགས་གདོང་ལྔ་འབར་བས་བཏེག་པའི་ཁྲི་འཕང་མཐོན་པོར་རྒྱལ་བ་ཚེ་དང་ཡེ་ཤེས་འོད་སྣང་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ནས་ངོ་མཚར་ཟད་པ་མེད་པའི་མཛད་འཕྲིན་འོད་བརྒྱའི་སྣང་བ་མཐའ་དག་ཕྱོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པའི་དགེ་མཚན་གསར་བའི་དུས་སྟོན་ཉམས་པ་མེད་པའི་མཐུ་ལས་གསང་སྔགས་རིག་པ་འཛིན་པའི་དགའ་ཚལ་འདིར་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་གཏམས་ཞིང་།གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་ལུང་དང་དྲི་མ་མེད་པའི་རིགས་པའི་ལམ་ནས་འབྱེད་པ་ལ་སྨྲ་བ་མཆོག་གི་དཔལ་ཐོབ་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གང་སྟེ་མདོ་དང་སྔགས་ཀྱི་ལམ་རིམ་གཉིས་སོགས་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་ཆེས་ཆེར་དར་བར་འགྱུར་བ་དང་།ཚུལ་དེ་ལ་བརྟེན་ནས་རང་ཅག་རྣམས་ཀྱང་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་གསེར་སྦྱངས་བཙོ་མ་ལྟ་བུ་ལས་ཐོན་པའི་རྨད་བྱུང་ལམ་གྱི་མཐར་ཐུག་འདི་ཉིད་འཆད་ཉན་གྱིས་གཏན་ལ་ཕབ།སྒོམ་སྒྲུབ་ཀྱིས་རང་རྒྱུད་ལ་སྦྱར་ཏེ་ཉམས་སུ་ལེན་པ་ལ་ཕྱི་ནང་གི་ཉེར་འཚེ་མེད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ས་ལམ་གྱི་བགྲོད་པ་མྱུར་དུ་རྫོགས་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་ནས་རིང་ནས་ཡིད་ལ་བརྣག་པའི་སྐྱེ་འགྲོ་མཐའ་དག་མདོ་རྒྱུད་ཀུན་གྱི་ཟབ་གནད་རྫོགས་པའི་ཐབས་མཁས་ཀྱི་ལམ་བཟང་འདི་ཡིས་སྲིད་ཞིའི་རྒུད་པ་ཕྲ་རགས་ལས་བསྒྲལ་ཏེ་བླ་མེད་སྐུ་བཞིའི་གོ་འཕང་མཆོག་ལ་འགོད་པར་འགྱུར་བ་ཡིན་པར་ཐལ།དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ།ཐུབ་པའི་དབང་བའི་སྨོན་ལམ་ཐུགས་རྗེ་དང་།།རྒྱལ་བ་སྲས་བཅས་སྤྱི་དང་དམ་པའི་ཚོགས།།གོང་མ་རྣམས་ཀྱི་བཞེད་བཞིན་མདོ་སྔགས་ཀྱི།།བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་རྒྱས།ཞེས་པའི་གཞུང་འདི་བྱུང་།ཚུལ་གཉིས་དེ་ཉིད་པ་འཆད་པར་བྱེད་པ་ལ།དགོན་སྡེ་འདིར་ཡང་བསླབ་པ་གསུམ་ལྡན་ཞིང་། བྱམས་དང་སྙིང་རྗེས་རྒྱུད་གང་མཁས་ཤིང་བཙུན།།གསུང་རབ་དྲང་ངེས་རིགས་པས་ལེགས་རྟོགས་པའི།།ལམ་རིམ་གཉིས་སོགས་ཐུབ་བསྟན་དར།ཞེས་པའི་གཞུང་འདི་བྱུང་།ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ།དེ་ལྟར་རྨད་བྱུང་ལམ་གྱི་མཐར་ཐུག་འདི།།ཚུལ་བཞིན་སྒྲུབ་ལ་བར་ཆད་མེད་པ་དང་།ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཏེ།།འགྲོ་ཀུན་ཐབས་མཁས་འདི་ཡིས་སྒྲོལ་བར་ཤོག།ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།ཞེས་པ་འདི་ཡང་།༧པྲཛྙཱ་སཱ་རས་བྲིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།