རྗེ་ཤེས་རབ་རྒྱ་མཚོའི་འདུལ་བའི་ཚིག་བཀྲ་འཆད་རྩོད་རྩོམ་གསུམ་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-12 07:46:50     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

༄༅༅།།དེ་ཡང་ཇི་སྐད་དུ།   འཆད་རྩོད་རྩོམ་ལ་སྤོབ་པའི་མགྲིན་མཐོན་པོ།།  མ་སྨད་གཡས་སུ་འཁྱིལ་བའི་ཆོས་ཀྱི་དུང་།།  སྐལ་བཟང་རྣ་བར་སྒྲོག་པའི་ཡོངས་འཛིན་ཚོགས།།  ཞེས་གསུངས་པ་ལྟར་མཉམ་མེད་ཐུབ་པའི་དབང་བོ་ཞལ་གྱི་མགུར་ནས་མི་འཇིགས་རྣམ་བཞིའི་དབྱངས་ཀྱིས་བསྒྲགས་པའི་སྡེ་སྣོད་རྒྱ་མཚོའི་གནད་འགག་ལག་ལེན་དུ་དྲིལ་བའི་འཆད་པ།སྒྲོ་སྐུར་ལུང་རིགས་ཀྱིས་བཀག་སྟེ་རྩོད་པ།  ངེས་ཡུལ་སྙན་ཚིག་གིས་དྲངས་པའི་རྩོམ་པ་སོགས་རྨད་བྱུང་མཁས་པའི་བྱ་བ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་པའི་མགྲིན་པ་ནམ་ཡང་སྨད་པ་མེད་པའི་བཀྲ་ཤིས་ཀྱིས་རི་མོ་རྣམ་པར་བཀྲ་བའི་གཡས་འཁྱིལ་དུང་གི་རང་སྒྲ་སྔོན་བསགས་བསོད་ནམས་ཀྱི་བགོ་སྐལ་ལྷག་པར་བྱིན་པའི་སྐལ་བཟང་དག་གི་རྣ་བའི་བདུད་རྩིར་འགྱེད་པ་ལ་ནམ་ཡང་ཞུམ་པ་མེད་པའི་ཡོངས་འཛིན་མཁས་དབང་འབུམ་ཕྲག་ཆོས་ཀྱི་དགའ་སྟོན་དུ་གདན་འཛོམ་པའི་མདུན་སར།  རང་ཅག་གཉིས་ཀྱིས་བསྟན་པའི་རྩ་བ་འབུམ་ཕྲག་འདུལ་བའི་གཞུང་གི་ཆ་ཤས་ལས་བརྩམས་པའི་འཕེལ་གཏམ་ཆོས་ཀྱི་དབྱངས་སྙན་ཀུན་བཟང་མཆོད་པའི་སྤྲིན་དུ་བསྟར་བའི་མཐུ་ལ་བརྟེན་ནས་ལེགས་ཚོགས་རྟེན་འབྲེལ་རང་འགྲིག་ཏུ་བགྱིད་པའི་བླ་མ་དང་།  མི་བསླུ་བའི་བདེན་པ་མངོན་གྱུར་དུ་སྟོན་པའི་མཆོག་གསུམ་དང་།  འདོད་པའི་དོན་ཀུན་སྩོལ་བའི་ཚེ་སྦྱིན་ལྷག་པའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ལ་བརྟེན་ནས་གངས་ཅན་མདོ་སྨད་ཀྱི་སྐྱེ་འགྲོ་མཐའ་དག་གི་མེ་ཏོག་ཕོག་པའི་ལྷ་གཅིག།    བདེན་གཉིས་ཆོས་ཀྱི་གནས་ཚུལ་རང་དབང་དུ་འདོམས་པའི་སྒོ་ནས་ལུས་ཅན་མཐའ་དག་གཏན་བདེར་འཁྲིད་པའི་དེད་དཔོན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་དེ་ཉིད་བདག་ཅག་རྣམས་ཀྱི་མགོན་དུ་བསམ་བཞིན་བྱོན་པའི་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོ་དང་སྲས་མཆོག་ཉི་ཟླ་ལྟ་བུ་རྣམས་ཀྱི་ཞབས་སྐྱེས་གསེར་ཀྱི་འཁོར་ལོ་གཞིག་བྲལ་རྡོ་རྗེའི་ཁྲི་ལ་བདེ་ལྡན་ཞིང་གི་མགོན་པོ་ཚེ་མཐའ་ཡས་པ་བཞིན་དུ་བརྟན་པར་བཞུགས་ཏེ་མཛད་འཕྲིན་སྣང་བས་ས་གསུམ་ཁྱབ་པར་འགྱུར་བ་དང་།  ཚུལ་དེ་ལ་བརྟེན་ནས་ཟབ་གསལ་མྱུར་བའི་ཤེས་རབ་དང་དྲན་པ་གསལ་ཞིང་བརྟན་པས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ཚིག་དོན་མཐའ་དག་ཁོང་དུ་ཆུད་ནས་མི་བརྗེད་པར་འཛིན་པ་དང་།  སྲིད་པའི་ངང་ཚུལ་དུག་སྦྲུལ་གྱི་ཚད་ལྟར་མཐོང་བའི་ངེས་འབྱུང་གི་བསམ་པ་དང་།  དེས་དྲངས་པའི་ཚུལ་ཁྲིམས་རྣམ་དག།   བདག་གཞན་བརྗེ་བ་ལ་སྙིང་སྟོབས་ཆེས་ཆེར་བརྟན་པའི་བྱང་ཆུབ་ཀྱི་སེམས་དང་།  སྣང་སྟོང་གྲོགས་འཁྱེར་གྱིས་རྟག་ཆད་འགོག་པའི་ཡང་དག་པའི་ལྟ་བ་དང་།   སྐུ་གསུམ་གྱི་རྒྱུ་ཚོགས་ཟབ་ལམ་གཅིག་གི་ངོ་བོར་སྡུད་པའི་ལམ་རིམ་པ་གཉིས་སོགས་ལུང་དང་རྟོགས་པའི་ཡོན་ཏན་གྱི་མྱུ་གུ་བདག་སོགས་འགྲོ་བའི་ཤེས་རྒྱུད་ཞིང་སའི་དཔལ་དུ་འཁྲུངས་པར་འགྱུར་བ་དང་།   ཚུལ་དེ་ལ་བརྟེན་ནས་དགེ་བའི་རྩ་བ་གསོག་པ་པོ་རྟེན་གྱིས་བསྡུས་ན་བདག་དང་གཞན་གྱི་རྒྱུད་ལ་མངའ་བ་དང་།  བསགས་པའི་གནས་སྐབས་ཀྱིས་བསྡུས་ན་དུས་གསུམ་དང་འབྲེལ་བ་དང་།   ཕྱོགས་དང་ངོ་བོས་བསྡུས་ན་ཡོན་ཏན་སྒྲུབ་བྱེད་བསོད་ནམས་དང་།   ཉེས་པ་དག་བྱེད་ཡེ་ཤེས་ཀྱི་ཚོགས་མཐའ་དག་གཅིག་ཏུ་བསྡོམ་པའི་མཐུ་དང་ནུས་པ་ལ་བརྟེན་ནས་ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་སྤྱི་དང་།  ཁྱད་པར་ཡབ་རྗེ་རྒྱལ་བ་གཉིས་པ་ཤར་ཙོང་ཁ༌པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་མདོ་སྔགས་བསྟན་པའི་སྙིང་བོ་འདི་ཉིད་སྒོ་ཐམས་ཅད་ནས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་བ་ཡིན་པར་ཐལ།  དེ་ལྟར་ཡིད་ལ་སྨོན་པའི་དོན་འགྲུབ་བྱེད་ཀྱི་བདེན་ཚིག་ཤེས་བྱེད་ཀྱི་ཚུལ་དུ་སྒྲོག་ཚུལ་དང་པོ་དེ་འཆད་པ་ལ།  བླ་མ་མཆོག་གསུམ་བཅོམ་ལྡན་ཚེ་སྦྱིན་མའི། །  རྨད་བྱུང་བྱིན་རླབས་དཔུང་གིས་འདྲེན་པ་མཆོག།  གཞིག་བྲལ་རྡོ་རྗེའི་ཁྲི་ལ་སྣང་མཐའ་ལྟར།།  བསྐལ་པ་རྒྱ་མཚོར་གཡོ་མེད་ཞབས་བརྟན།   ཞེས་པའི་གཞུང་འདི་བྱུང་།   ཚུལ་གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ།ཚུལ་དེར་བརྟེན་ནས་ངེས་འབྱུང་བྱང་ཆུབ་སེམས།།  ཡང་དག་ལྟ་དང་ཟབ་ལམ་རིམ་པ་གཉིས།།  ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མྱུ་གུའི་ཕྲེང་།།  བདག་རྒྱུད་ཞིང་སའི་དཔལ་དུ་མྱུར་འཁྲུངས།   ཞེས་པའི་གཞུང་འདི་བྱུང་།  ཚུལ་གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ།  བདག་དང་གཞན་གྱི་དུས་གསུམ་དང་ ༝ ། ། བསྟན་པ་ཡུན་རིང་འབར་གྱུར་ཅིག།  ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།  ༧པྲཛྙཱ་སཱ་ག་ར་ལི་ཁི་ཏཾ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།