ཤར་ཙོང་ཁའི་སྐྱེས་རི་མཐོན་པོའི་མགུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:04:25     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 ན་མོ་གུ་རུ་ཤཱ་ས་ན་དྷྲི་ཀ་སུ་མ་ཏི་ས་ཀ་ར་ཡ།།ཤར་ཙོང་ཁའི་སྐྱེས་རི་མཐོན་པོའི་མགུལ།།གནས་གསེར་ཁང་དབེན་པའི་དགའ་ཚལ་དུ།།ཆོས་ཟབ་མོ་ཉམས་སུ་ལེན་མཛད་པའི།།ཕ་བསྟན་འཛིན་བློ་བཟང་རྒྱ་མཚོ་དྲན།།ཕ་དེ་ཡི་གསུང་ལས་སྐྱེས་པའི་སྲས།།ཁྱེད་རིག་གནས་ཀུན་མཁྱེན་མཁས་པ་ལ།།ང་བླུན་པོས་ནགས་ཀྱི་ཁྲོད་ཅིག་ནས།།སེམས་དཀར་པོས་སྙན་བསྐུལ་གླུ་འདི་འབུལ།།རྟེན་དལ་འབྱོར་ཚང་བའི་ལུས་ཐོབ་ཅིང་།།རྗེ་སངས་རྒྱས་བསྟན་པའི་སྒོ་རུ་ཞུགས།།ཆོས་ཐོས་པའི་སྒྲོན་མེས་ཡིད་མུན་བསལ།།བློ་བླང་དོར་འབྱེད་ལ་ཐོག་པ་མེད།།ལམ་མཐོ་རིས་བྱང་གྲོལ་ལྟ་ནུས་ཤིང་།།དོན་གང་འདོད་རང་ལ་སྒྲུབ་དབང་ཡོད།།ཚུལ་འདི་འདྲ་ཕྱི་ནས་ནས་རྙེད་པར་དཀའ།།ད་བསམ་བློ་གཏོང་ན་གཏོང་རན་ཡིན།།ནད་དྲག་པོ་ནམ་འོང་ཆ་མེད་ཅིང་།།གདོན་འབྱུང་པོས་གནོད་པ་ཅི་འཁྱོལ་བྱེད།།བདུད་གཤིན་རྗེའི་ཇག་པས་རྒྱུན་དུ་སྒུགས།།ཚེ་ཞག་རེ་སོང་གིན་ཇེ་ཐུང་འགྲོསྥྱིར་སྙིགས་དུས་ཚེ་ལ་ངེས་པ་མེད།།སྒོས་ད་ལྟ་མདང་་བཙས་དེ་རིང་འཆི།།དོན་དེ་ཕྱིར་རྒས་རྒས་སྡོད་པ་ཉུང་།།ཆོས་སང་ལ་མ་འཇོག་ད་ལྟ་སྒྲུབ།།ཚེ་འདི་ནས་ཕ་རོལ་འགྲོ་ཙ་ན།།ཁོ་འཆི་བདག་རྒྱལ་པོའི་སྤྱན་སྔ་རུ།།གཏམ་ཁ་མཁས་ཡོད་ཀྱང་ཞུ་མི་སྤོབས།།ནོར་དངོས་པོ་བྱིན་ཡང་སྲོག་བླུར་མེད།།དུས་དེ་ཚེ་སྐྱོབ་མཁན་དཀོན་མཆོག་དང་།།ཕན་ཐག་ཆོད་དམ་པའི་ལྷ་ཆོས་ཡིན།།དོན་དེས་ན་བློ་ཕུགས་ཆོས་ལ་གཏོད།།དུས་ཉིན་བཞིན་སྐྱབས་འགྲོ་དྲག་ཏུ་གྱིས།།ཡར་མཐོ་རིས་ལྷ་མི་ཐག་རིང་ཞིང་།།མར་ངན་སོང་གསུམ་པོ་ཐག་ཉེ་ན།།བར་དེ་ན་ཡར་མར་གང་འདོད་དུ།།བགྲོད་ནུས་པའི་རང་དབང་ཐོབ་དུས་འདིར།།ཆོས་དགེ་བའི་ལས་ལ་འབད་བྱས་ནས།།ཡར་མཐོ་རིས་བགྲོད་ཐབས་མི་བྱེད་པར།།མར་ངན་སོང་ཡུལ་དུ་གཏན་འཁོར་བའི།།ལས་རྒྱུན་མར་སོག་ལ་འགྱོད་རེ་རན།།གནས་ཚ་དམྱལ་བརྒྱད་པོ་ཚ་དྲགས་ཤིང་།།གནས་གྲང་དམྱལ་བརྒྱད་པོ་གྲང་དྲགས་པས།།གནས་གྲང་དྲོ་སྙོམས་པའི་གནས་བཟང་ཞིག།ད་བསྒྲུབ་པར་འདོད་ན་སྒྲུབ་རེ་རན།།ཆོས་བཤད་སྒྲུབ་སྒྲོན་མེ་ལག་ཐོགས་ཀྱང་།།ལས་མི་དགེ་བཅུ་ཡི་ཐེམ་སྐས་ནས།།མར་ངན་སོང་གཡང་དུ་ལྷུང་མཐོང་བས།།ཆོས་བཤད་ལོ་དང་སྒོམ་ལོས་ཅི་ཞིག་བྱེད།།ཆོས་མཁས་ཀྱང་སེམས་ཉིད་མ་བཏུལ་ན།།མདོན་རྒྱལ་འགོང་འཇིགས་སུ་རུང་བར་སྐྱེ།།སྔོན་ང་རྒྱལ་ཆེ་བའི་བག་ཆགས་ཀྱིས།།ཀུན་ཁྱད་གསོད་ཕྱི་མར་དམྱལ་བར་ལྷུང་།།ཆོས་སྒོམས་ཀྱང་སྒོམ་གནད་མ་ཤེས་ན།།ཕྱིས་དུད་འགྲོའམ་གཟུགས་མེད་ཁམས་སུ་སྐྱེ།།སྔོན་རྟག་ཆད་ཀྱི་གཡང་དུ་ལྷུང་བ་དེའི།།རྒྱུན་ཡང་ཡང་དུ་གོམས་པས་སྲིད་རྒྱུ་སོགམཐོ་སྲིད་པའི་རྩེ་ནས་མནར་མེད་བར།།གར་སྐྱེས་ཀྱང་མེ་མ་འུར་གྱི་འོབས།།ཁོང་ལྷ་མིའི་དཔལ་འབྱོར་བདེ་སྐྱིད་ཀྱང་།།ཆེས་མི་རྟག་རྨི་ལམ་དགའ་སྟོན་བཞིན།།རང་གཅེས་པར་འཛིན་པའི་བློ་ཉེས་འདིས།།སྔར་མི་མཐུན་རྐྱེན་རྣམས་རྒྱུན་མར་བོས།།ད་བྱམས་དང་སྙིང་རྗེའི་སྟོབས་བསྐྱེད་ནས།།མ་འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་སྣོམས།།སྔོན་གོམས་པའི་བག་ཆགས་ཚན་ཆེ་བས།།ཆོས་དབུ་མའི་བཤད་སྒྲུབ་ཕལ་ཆེ་ཡང་།།ཁོ་བདག་འཛིན་གྱི་གསོས་སུ་སོང་གིས་དོགས།།སེམས་སྟོང་ཉིད་དང་མཇལ་བ་དཀའ་མོར་གདའ།།དབང་བརྒྱ་ཞུས་དང་སྟོང་ཞུས་མང་ན་ཡང་།།དབང་ཆོས་མཐུན་ནི་ཐོབ་པ་རེ་རེ་ཙམ།།དབང་ཐོབ་དུས་སུ་རང་གིས་ཁས་བླངས་པའི།།སྡོམ་དམ་ཚིག་དང་ལྡན་པ་དེ་བས་དཀོན།།ལམ་རིམ་གཉིས་ཀྱི་མིང་ཡང་མི་ཤེས་པར།།ཚེ་འདི་ཙམ་གྱི་རྙེད་བཀུར་སྙན་གྲགས་ཕྱིར།།སྔགས་བླ་མེད་ཀྱི་ཆོས་འཚོང་མཐོང་བའི་ཚེ།།ཡིད་སྐྱོ་བ་སྐྱེས་ནས་གླུ་འདི་བླངས།།གཏམ་འདི་ལས་བྱུང་བའི་དགེ་བའི་ཚོགས།།ཆོས་ལྟར་སྣང་གིས་རང་གཞན་མི་བསླུ་བར།།སེམས་ཡང་དག་གི་ཆོས་དང་ལེགས་འདྲེས་ཤིང་།།རྗེ་བློ་བཟང་གི་བསྟན་པ་དར་ཕྱིར་བསྔོ།། ཞེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་སྦྱར་བའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།