བླ་མ་ལ་རྒྱང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:03:24     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 ཐུགས་བདེ་སྟོང་ངང་ལས་མ་གཡོས་པར།།སྐུ་ཅིར་ཡང་འཆར་བའི་ཟློས་གར་གྱིས།།གསུང་ལེགས་བཤད་ཆར་ཟིམ་འབེབས་མཁས་པའི།།ཕ་བླ་མ་རྗེ་བཙུན་ཐམས་ཅད་མཁྱེན།།ཁྱེད་ཐུགས་རྗེའི་སྤྱན་གྱིས་ཉེར་དགོངས་ནས།།བུ་བདག་གི་སྤྱི་གཙུག་པད་ཟླའི་སྟེང་།།ཞལ་འཛུམ་མདངས་ལྷམ་མེར་དགྱེས་བཞིན་དུ།།མཆོག་ཐུན་མོང་དངོས་གྲུབ་སྩོལ་ཕྱིར་བཞུགས།།རྗེ་གསུམ་ལྡན་བླ་མ་རིན་པོ་ཆེ།།ཁྱོད་འོ་དོད་དྲག་པོས་སྙིང་ནས་འབོད།།འདི་གསན་ནམ་བླ་མ་བཀའ་དྲིན་ཅན།།ཚེ་འདི་ཕྱིའི་འདུན་མ་ཁྱེད་རང་མཁྱེན།།ཞིང་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང་།།སྲས་བྱང་ཆུབ་སེམས་དཔའ་མཐའ་དག་གིས།།འབངས་བདག་བཤེས་ཁྱོད་ཀྱི་ཚུལ་བཟུང་ནས།།རང་གང་འདོད་མདོ་སྔགས་ཆོས་ཆར་ཕབ།།དོན་དེ་ཕྱིར་ཁ་ཙམ་མ་ཡིན་པར།།སྙིང་རུས་པའི་གཏིང་ནས་བློ་གཏད་དེ།།དུས་ཉིན་མཚན་ཀུན་ཏུ་མགོན་ཁྱོད་ལ།།ངག་གདུང་ཤུགས་དྲག་པོས་གསོལ་བ་འདེབས།།ཚེ་སྔོན་ཡང་ཁྱོད་ཀྱིས་རྗེས་བཟུང་བས།།དུས་ད་ལན་དལ་ཐོབ་བསྟན་དང་མཇལ།།ད་དེང་ནས་སངས་རྒྱས་མ་ཐོབ་བར།།སྐྱབས་ཁྱོད་མིན་མ་མཆིས་བླ་མ་རྗེ།།དབྱིངས་སྤྲོས་བྲལ་བདེ་ཆེན་ཆོས་ཀྱི་སྐུ།།གདངས་འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ།།ཞིང་ཀུན་ཁྱབ་རྣམ་རོལ་སྤྲུལ་བའི་སྐུ།།རྗེ་གསུམ་ལྡན་དབྱེར་མེད་རྡོ་རྗེ་འཛིན།།མགོན་ཐུབ་དབང་སྲས་བཅས་ཉི་མ་དེ།།ཞིང་གཞན་གྱི་ནུབ་རིར་གཤེགས་དུས་འདིར།།ཁྱེད་ཐ་མལ་ཚུལ་གྱིས་བདག་དོན་མཛད།།དྲིན་ལྷག་པར་ཆེ་འོ་ཆོས་ཀྱི་རྗེ།།མར་ངན་སོང་གསུམ་དུ་ལྷུང་གྱུར་རམ།།ཡར་མཐོ་རིས་ལྷ་མའི་སར་སྐྱེས་ཀྱང་།།མི་བདག་གིས་རེ་ལྟོས་བྱེད་ས་ནི།།མགོན་ཁྱོད་ཞབས་མ་གཏོགས་གཞན་མ་མཆིས།།ཕ་ཁྱོད་ཀྱི་བྱིན་རླབས་མ་ཞུགས་ན།།ཉམས་རྟོགས་པ་སྐྱེ་ཐབས་མ་མཆིས་པས།།རྒྱུད་ཀོ་སྐམ་ལྟ་བུར་སོང་བ་འདིར།།ད་མྱུར་དུ་བྱིན་རླབས་ཆར་ཟིམ་ཕོབ།།ཚེ་འདི་ཕྱི་བར་གསུམ་བདེ་ལེགས་ཀུན།།ཁྱོད་མཉེས་པར་བྱེད་ལ་རག་ལས་པར།།བཀའ་མདོ་རྒྱུད་ཀུན་ལས་གསུངས་ལགས་པས།།སྲོག་འདོར་ལ་ཐུག་ཀྱང་ཁྱོད་མི་སྤོང་།།སྐྱབས་སངས་རྒྱས་ཆོས་དང་དགེ་འདུནདང་།།ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས།།མགོན་ཁྱོད་མིན་གཞན་ན་ཅང་མ་མཆིས།།དོན་དེ་ཕྱིར་སྙིང་ནས་སྐྱབས་སུ་འཛིན།།སྔོན་སྟོན་པས་སློབ་པ་ལམ་གྱི་ཚེ།།ཆོས་ཤོ་ལོ་ཀ་ཙམ་གསན་ཕྱིར་དུ།།མེའི་དོང་མཆོངས་ལྕགས་གཟེར་སྟོང་བཏབ་སོགས།།བསྲན་དཀའ་བའི་དཀའ་སྤྱད་ཅི་ཙམ་མཛད།།དུས་དེང་སང་འབད་རྩོལ་མི་དགོས་པར།།

དབང་རྗེས་གནང་ཟབ་མོའི་མན་ངག་རྣམས།།ཕ་ཁྱོད་ཀྱིས་ཇི་ལྟར་འདོད་འདོད་བརྩལ།།དྲིན་སངས་རྒྱས་བྱང་སེམས་ཀུན་ལས་ལྷག   །རྒྱུ་དེས་ན་དཔལ་ལྡན་བླ་མ་ཁྱོད།།དཔལ་སངས་རྒྱས་དངོས་སུ་མཐོང་བའི་བློས།།ད་བློ་སྙིང་དཔྲལ་གསུམ་ལིངས་གཏད་ནས།།བཀའ་ཚུལ་བཞིན་སྒྲུབ་པའི་ཡི་དམ་བགྱིད།།ཁྱོད་ཐུགས་རྗེའི་མཐུ་དཔུང་མྱུར་སྐྱེད་ལ།།  དུས་གཏན་གྱི་ཕན་བདེ་མ་ལུས་དང་།།དགོས་ངེས་འབྱུང་བྱང་སེམས་ཡང་དག་ལྟ།།ལམ་རིམ་གཉིས་རྒྱས་པར་མཛད་དུ་གསོལ།།

  ཞེས་རང་གང་མོས་ཀྱི་ཆོས་ཞུས་ཀྱི་བླ་མ་ལ་འོ་དོད་དྲག་པོས་རྒྱང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ་འདི་ནི་དགེ་སློང་དགེ་འདུན་ཤེས་རབ་སོགས་ཀྱིས་བསྐུལ་བའི་ངོར་བླ་མའི་བཀའ་འབངས་ཀྱི་ཐ་ཤལ་སྐལ་ལྡན་རྒྱ་མཚོས་སྦྱར་བའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།