རྒྱང་འབོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:01:29     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 ཞིང་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཀུན།།ཐུགས་བརྩེ་བ་ཆེན་པོས་ཉེར་དགོངས་ནས།།རྗེ་གསུམ་ལྡན་བླ་མའི་ཚུལ་བཟུང་བ།།ཁྱོད་རྒྱང་ནས་འབོད་དོ་ཐུགས་རྗེ་གཟིགས།།སྐུ་མཚན་དང་དཔེ་བྱད་བཟང་པོས་སྨྲས།།གསུང་ཡན་ལག་དྲུག་ཅུས་ཆོས་ཆེར་འབེབས།།ཐུགས་མཁྱེན་བརྩེའི་གཏེར་གྱུར་དགེ་བའི་བཤེས།།ཁྱོད་རྒྱང་ནས་འབོད་དོ་༝།།རྗེ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད།།ཆོས་སྤངས་རྟོགས་ཡོན་ཏན་ཀུན་གྱི་མཛོད།།ཚོགས་དགེ་འདུན་འདྲེན་མཆོག་བླ་མ་རྗེ།།ཁྱོད་རྒྱང་ནས་འབོད་དོ་༝།།ཐུགས་བདེ་བ་ཆེན་པོའི་རོལ་མཚོ་ལས།།ལྷ་དཀྱིལ་འཁོར་བྱེ་བའི་ཆུ་ཀླུང་ཚོགས།།དུས་གཅིག་ཆར་སྤྲོ་ཞིང་སྡུད་པའི་བདག། ཁྱོད་རྒྱང་ནས་འབོད་དོ་༝།།བཀའ་མདོ་རྒྱུད་གསུང་བ་ཐམས་ཅད་ནས།།ཁོང་སངས་རྒྱས་ལས་ཀྱང་ཆེར་བསྔགས་པའི།།ཕ་ཟླ་མེད་སྐྱབས་མཆོག་ཆོས་ཀྱི་རྗེ།།ཁྱོད་རྒྱང་ནས་འབོད་དོ་༝།།དབང་ཟབ་མོ་ཚུལ་བཞིན་བསྐུར་བ་ལས།།རྒྱུད་ཟབ་ལམ་སྒོམ་པའི་སྣོད་བྱས་པས།།དཔལ་མཆོག་གི་སློབ་དཔོན་རྡོ་རྗེ་འཛིན།།ཁྱོད་རྒྱང་ནས་འབོད་དོ་༝།།ཆོས་ཀུན་གྱི་སྙིང་བོ་གཅིག་བསྡུས་ནས།།རྒྱུད་འདུལ་ཕྱིར་ཉམས་སུ་ལེན་པའི་ཚུལ།།ཡེ་མ་སྦས་གསལ་བར་འདོམས་མཛད་པ།།ཁྱོད་རྒྱང་ནས་འབོད་དོ་༝།།འབད་རྩོལ་པ་ཅུང་ཟད་མི་དགོས་པར།།རང་ཡིད་ལ་གང་འདོད་དམ་པའི་ཆོས།།དུས་ནམ་འདོད་སྩོལ་བའི་ཆོས་ཀྱི་རྗེ།།ཁྱོད་རྒྱང་ནས་འབོད་དོ་༝།།སྔོན་ཚེ་རབ་དུ་མར་རྗེས་སུ་བཟུང་།།ཚེ་འདིར་ཡང་ཐུགས་རྗེས་ལེགས་བསྐྱངས་ནས།།བློ་ཆོས་སུ་བསྒྱུར་བའི་ཆོས་ཀྱི་རྗེ།།ཁྱོད་རྒྱང་ནས་འབོད་དོ་ཐུགས་རྗེ་གཟིགས།།དུས་འདི་ནས་ཁྱོད་མིན་སྐྱབས་མི་འཚོལ།།སྤྲང་བདག་ལ་ཐུགས་རྗེ་གཟིགས་མཛོད་ལ།།རྒྱུད་བྱིན་རླབས་བདུད་རྩིས་གང་བ་དང་།།ཉམས་རྟོགས་པའི་ཡོན་ཏན་འཕེལ་བར་མཛོད།།ཅེས་བ་འདི་ནི་ཆོས་སྨྲ་བའི་བཙུན་པ་སྐལ་ལྡན་རྒྱ་མཚོས་སྦྱར་བའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།