མདོ་སྔགས་ཀྱི་ལམ་རིམ་ལྟར་བླངས་པའི་གླུ་དབྱངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:00:04     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 དཔལ་འདོད་དགུའི་འབྱུང་གནས་བླ་མ་དང་།།མཆོག་ཐུན་མོང་དངོས་གྲུབ་སྟེར་བའི་ལྷ།།རྐྱེན་བར་ཆད་སེལ་བའི་ཆོས་སྐྱོང་རྣམས།།བུ་ཁྱོད་ལ་རྟག་ཏུ་དགེ་ལེགས་མཛོད།།ཕ་བླ་མ་རང་ལ་བཀའ་དྲིན་ཅན།།དྲིན་རྒྱལ་བ་སྲས་བཅས་ཀུན་ལས་ལྷགད་བསམ་སྦྱོར་གཉིས་ཀྱིས་ལེགས་བསྟེན་ནས།།ཐུགས་དགྱེས་པའི་ཐབས་ལ་འབད་པར་ཞུ།།རྟེན་དལ་ཐོབ་བསྟན་དང་མཇལ་བ་དང་།།སྒོས་ཐོས་བསམ་བྱེད་པའི་སྐལ་ལྡན་པ།།འདི་ཨུ་དུམ་ཝ་རའི་མེ་ཏོག་འདྲད་ཆུད་ཟོས་མ་བྱེད་ལུང་རིགས་སྨྲ།།དགྲ་འཆི་བདག་ནམ་འོང་ཆ་མེད་པས།།བརྩོན་མགོ་ལ་མེ་ཤོར་གསོད་ལྟ་བུས།།འཕྲལ་ཟར་ཟིར་འཁྲི་བ་ཀུན་བཅད་ནས།།དུས་གཏན་གྱི་འདུན་མ་སྒྲུབ་པར་འཚལ།།གནས་འཇིགས་རུང་ངན་སོང་གསུམ་པོ་དེར།།བདག་མི་འགྲོའི་གདེང་ནི་སྤུ་ཙམ་མེད།།དེར་སྐྱེས་ན་སྡུག་བསྔལ་བཟོད་པར་དཀའ།།ད་སྙིང་རུས་ཁོང་བཅུག་འདི་བཅང་འཚལ།།སྐྱབས་བསླུ་མེད་རིན་ཆེན་རྣམ་པ་གསུམ།།སྐབས་ད་ནས་སངས་རྒྱས་མ་ཐོབ་བར།།དུས་རྟག་དུ་དགོས་པའི་མགོན་ཡིན་པས།།སེམས་དད་པས་གཏན་གྱི་སྐྱབས་སུ་ཟུངས།།ལས་གང་བྱས་འབྲས་བུ་ངེས་པར་སྨིན།།སྡིག་མི་དགེས་འདིར་སྡུག་ཕྱི་མར་སྡུགཆོས་དགེ་བས་འདིར་བདེ་ཕྱི་མར་སྐྱིད།།ད་སྡིག་སྤོང་དགེ་བ་སྒྲུབ་པར་འཚལ།།སྤྱིར་འཁོར་བའི་གནས་འདི་མེ་མུར་འོབས།།སྒོས་ལྷ་མིའི་བདེ་སྐྱིད་རྨི་ལམ་དཔལ།།ལྷ་ཚངས་དབང་དཔལ་ཡང་ཆུ་ཤིང་འདྲ།།འདི་དགོངས་སམ་བློ་གསལ་སྙིང་གི་གྲོགས།།ལམ་བསླབ་གསུམ་མིག་འབྲས་ལྟར་བསྲུང་ཞིང་།།གདོན་དངོས་འཛིན་འཁྲུལ་བའི་ཀླད་འཇོམས་པའི།།མི་དེ་ལ་ཐར་བའི་གྲོང་ཁྱེར་ནི།།ཐག་མི་རིང་ལག་པའི་རྩེ་ན་གནས།།བྱམས་སྙིང་རྗེ་ལྷག་བསམ་བྱང་ཆུབ་སེམས།།ཆོས་ཐེག་པ་ཆེན་པོའི་གཞུང་ཤིང་ཡིན།།འདི་གཅིག་དྲིལ་ཉམས་སུ་ལེན་པ་ལ།།སེམས་དགའ་བཞིན་སྤྲོ་བཞིན་འགྲུས་པར་འཚལ།།སྤྱོད་ཕྱིན་དྲུག་བསྡུ་བཞི་ལ་སོགས་པ།།མཆོག་སངས་རྒྱས་ཐོབ་ལ་མེད་མི་རུང་།།ཁོང་རྒྱལ་བ་སྲས་བཅས་གོང་མ་ལ།།མིག་ཡར་ལྟོས་ཞུམ་པ་མེད་པར་སློབ།།དབང་ཟབ་མོ་རྡོ་རྗེ་ཐེག་པའི་སྒོ།།ལམ་རིམ་གཉིས་རིག་འཛིན་ཉམས་ལེན་མཐིལ།།སྡོམ་དམ་ཚིག་གཙང་མ་རྒྱུ་ཡི་གཙོ།།དོན་དེ་ཕྱིར་ཕྱོགས་འདིར་རབ་ཏུ་གཞོལ།།མི་ཁོ་བོས་ཆུང་ནས་ཐོས་བསམ་བྱས།།ན་གཞོན་རིང་འཆད་རྩོད་རྩོམ་ལ་འབད།།ད་ཐོས་བསམ་བྱས་པའི་དོན་འབྲས་ལ།།ཚེ་བློས་བཏང་སྒྲུབ་པ་ལྷུར་ལེན་སྙམ།།བུ་ཁྱོད་ཀྱང་ཁོ་བོས་བསྐྱངས་པའི་བུ།།སྔར་ཐོས་ལ་རིང་སྦྱངས་ད་དུང་ཡང་།།ཆོས་ཐོས་བསམ་བྱེད་ལ་དོན་གཉེར་གྱིས།།ཕྱིས་སྒོམ་སྒྲུབ་གཙོ་བོར་བྱེད་པར་ཞུ།།གཏམ་འདི་ལས་བྱུང་བའི་དགེ་བའི་མཐུས།།མ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།།ཆོས་མདོ་རྒྱུད་གཉིས་ཀྱི་ལམ་བཟང་ནས།།དཔལ་སྐུ་གསུམ་ཕོ་བྲང་རྩེར་སོན་ཤོག།ཅེས་མདོ་སྔགས་ཀྱི་ལམ་རིམ་ལྟར་བླངས་པའི་གླུ་དབྱངས་འདི་ནི་རོང་སྨྱོན་སྐལ་ལྡན་རྒྱ་མཚོས་རང་གི་སློབ་མ་སྡེ་སྣོད་འཛིན་པ་སྦྱིན་པ་རྒྱ་མཚོ་ལ་ཕུལ་བ་འདིས་ཀྱང་དགེ་ལེགས་འཕེལ་བར་གྱུར་ཅིག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།