རང་ཉིད་ལ་སྨྲས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 21:59:19     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ    ཀློག་ཐེངས།  

 རྗེ་རྡོ་རྗེ་འཆང་དབང་མི་གཟུགས་ཅན།།ཕ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་།།མགོན་བློ་བཟང་བསྟན་པའི་རྒྱལ་མཚན་ལ།།བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས།།དུས་ད་ལྟའི་བདེ་སྐྱིད་ཐམས་ཅད་ཀུན།།ཕ་བླ་མའི་དྲིན་དུ་མ་ཤེས་པར།།སྔར་དོན་མེད་ཡང་ཡང་ཐུགས་དཀྲུགས་པས།།ད་བསམ་བློ་བཏང་གིན་ཡང་ཡང་འགྱོད།།རྟེན་དལ་འབྱོར་ཚང་བའི་མི་ལུས་འདི།།སྔར་སྡུག་དང་མི་དགེས་ཆུད་ཟོས་བྱས།།ད་དམ་པའི་ལྷ་ཆོས་བྱ་སྙམ་ཡང་།།ལུས་ན་རྒས་ནོན་པས་ཡང་ཡང་འགྱོད།།ལོ་རྒན་གཞོན་གྲོགས་པོ་མང་པོ་ཞིགདགྲ་འཆི་བས་བཅོམ་པ་མཐོང་བཞིན་དུ།།རང་འཆི་སྙམ་མེད་པའི་བློ་བདེ་བོ།།ཁྱོད་ཕྱི་ནས་འགྱོད་པའི་དུས་ཤིག་འབྱུང་།།ཆེས་གླེན་པའི་ཕྱུགས་ཀྱང་རང་གི་གྲོགས།།དགྲ་གཤེད་མས་གསོད་ཚེ་སྙིང་འདར་ན།།ཁྱོད་སྤྱང་པོ་མ་དེ་ཕྱུགས་ལས་གླེན།།དུས་ད་ལྟ་ཤི་ན་ཅི་ཙུག་བྱེད།།ཞག་རེ་རེའི་ན་ཟུག་མི་བཟོད་ན།།གནས་ངན་སོང་སྡུག་བསྔལ་སྐྱི་རེ་གཡའ།།ད་སྡུག་སྤོང་དགེ་བ་སྒྲུབ་པ་ལ།།ལས་གཅིག་དྲིལ་ལྟ་བུར་འབད་པར་འཚལ།།ལར་མཛུབ་མོ་ནང་དུ་མ་བཀུག་ན།།ཅོས་ཁ་བཤད་ཙམ་གྱིས་རྒྱུད་མི་ཐུལ།།ཁྱོད་ལྟ་ན་ནང་གི་སེམས་ལ་ལྟོས།།མཚང་འབྲུ་ན་རང་གི་སྐྱོན་མཚང་འབྲུས།།ཁ་ནང་དུ་བལྟས་ནས་མ་སྒོམས་ན།།འཕྲལ་རི་ལ་བསྡད་ཀྱང་དོན་འགོ་ཆུང་།།དུས་རྒྱུན་དུ་ནང་གི་སེམས་ཉིད་ལ།།ལྟ་ནུས་ན་ཉམས་རྟོགས་ཡོན་ཏན་འཆར།།གནས་དབེན་པར་སྡོད་པའི་དོན་པོ་ལ།།བཀའ་མདོ་རྒྱུད་རྣམ་ཐར་མང་ལྟ་ཞིང་།།གཞི་ཚུལ་ཁྲིམས་གཙང་མ་སྲུང་མུ་ནས།།ནང་སེམས་ལ་བྱ་ར་བྱས་ན་ལེགས།།སྒོམ་ལོ་རེ་ཟླ་རེས་རྟག་མི་ཐོན།།རྟགས་འདོད་ན་ཚེ་དང་སྒྲུབ་པ་སྙོམས།།ལར་སྒོམ་ལོང་མེད་པར་ཉམས་རྟོགས་འདོད།།དེ་འཇོག་ལ་ཁད་ཀྱི་སྔ་ལྟས་ཡིན།།དུས་དེང་སང་བར་ཆད་མང་བ་དང་།།རང་བྱ་བྱེད་བློ་སྣ་མང་བ་དེས།།སྒོམ་ཕ་མཐར་ཕྱིན་པ་དཀའ་འོ་ཞེས།།ཕ་བླ་མས་ཡང་ཡང་གསུངས་ཕྱིར་ན།།དུས་ད་ནས་ཆོས་འགོ་ཐོན་པའི་ཕྱིར།།ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་།།སྔགས་ཟབ་མོའི་བཟླས་བརྗོད་དྲག་ཏུ་གྱིས།།བློ་གང་དྲན་དབང་དུ་མི་གཏོང་འཚལ།།གྲོས་འདི་ལ་ཉན་ན་མི་ཁྱོད་ཀྱི།།ཆོས་སྒྲུབ་པ་ལམ་དུ་འགྲོ་བར་ངེས།།འདི་རང་གིས་རང་ལ་སྨྲས་པ་པ་ཡིན།།དོན་བསྡུ་ན་རང་མགོ་རང་གིས་ཐོན།།གཏམ་འདི་ཡི་དགེ་བས་འགྲོ་བ་ཀུན།།ཀུན་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག

       ཅེས་པ་འདི་ཡང་སྐལ་ལྡན་རས་པས་རང་ཉིད་ལ་སྨྲས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།