རི་ཁྲོད་པར་གདམས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 21:58:24     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས།།རང་གིས་རང་ལ་གཅིག་ལབ་འདི་སྐད་སྨྲ།།རྒྱུན་དུ་ནང་གི་སེམས་ལ་མ་བལྟས་ན།།ཆོས་སེམས་འདྲེས་པར་དཀའ་འོ་རི་ཁྲོད་པ།།བླ་མའི་བྱིན་རླབས་སེམས་ལ་མི་ཞུགས་ན།།ཉམས་རྟོགས་སྐྱེ་བར་དཀའོ་རི་ཁྲོད་པ།།གྲོང་དུ་འདུག་ཡུན་རིང་ན་རང་མཚང་སྟོན།།འདུག་ས་དབེན་པར་གྱིས་དང་རི་ཁྲོད་པ།།ཟས་ནོར་བསོད་ནམས་ཆོས་ཀྱི་བར་ཆད་ཡིན།།འདོད་ཆུང་ཆོག་ཤེས་གྱིས་དང་རི་ཁྲོད་པ།།གྲོགས་ངན་བསྟེན་ན་རང་ཡང་ཇེ་ངན་འགྲོརྟག་ཏུ་གཅིག་པུར་སྡོད་དང་རི་ཁྲོད་པ།།བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས།།མཐོང་མཐོང་ཀུན་ལ་མ་སྨོད་རི་ཁྲོད་པ།།གཤིན་རྗེ་ཆོས་རྒྱལ་དྲུང་དུ་གསང་མི་ཐུབ།།ཆོས་ལ་མངོན་ལྐོག་མ་བྱེད་རི་ཁྲོད་པ།།འཆི་བའི་དུས་སུ་ཕན་མཁན་སུ་ཡང་མེད།།གཉེན་ལ་སྲེད་པ་མ་ཆེ་རི་ཁྲོད་པ།།ལྐོག་ཏུ་གཞན་གྱི་མཚང་ནས་མ་འབྲུ་དང་།།ལན་པོ་རང་ལ་འཁོར་རོ་རི་ཁྲོད་པ།།གཞན་སྐྱོན་མ་རྟོག་རང་གི་སྐྱོན་ལ་རྟོགསྐྱོན་མཚང་རང་ལ་ཡོད་དོ་རི་ཁྲོད་པ།།ཡི་དམ་ལྷ་ལ་བཟང་ངན་མ་མཆིས་པས།།རང་ཉིད་གང་མོས་སྟེན་དང་རི་ཁྲོད་པ།།དམ་པའི་ཆོས་ལ་མི་ཟབ་གང་ཡང་མེད།།དགོས་མེད་ཁ་སྡིག་མ་སོག་རི་ཁྲོད་པ།།ཕྱག་དང་མཆོད་པས་ལུས་ཀྱི་སྒྲིབ་པ་འདགཉིན་བཞིན་འབད་པར་ཞུས་དང་རི་ཁྲོད་པ།།ཁ་ཏོན་བཟླས་པས་ངག་གི་སྒྲིབ་པ་འདགདོན་མེད་ལོང་གཏམ་སྤོང་དང་རི་ཁྲོད་པ།།བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོའདི་ལ་ནན་ཏན་གྱིས་དང་རི་ཁྲོད་པ།།སྙིང་རུས་མེད་པའི་མི་ལ་ཉམས་རྟོགས་དཀའ།།སྒོམ་ལ་བརྩོན་འགྲུས་ཀྱིས་དང་རི་ཁྲོད་པ།།ང་རྒྱལ་ཅན་ལ་ཡོན་ཏན་ཡར་སྐྱེད་མེད།།ཧ་ཅང་སྐད་འགོ་མ་མཐོ་རི་ཁྲོད་པ།།ཕྱི་མར་ཕན་པའི་ཁ་ཏ་བྱེད་མཁན་དཀོན།།ཀུན་གྱི་གཏམ་ལ་མ་ཉན་རི་ཁྲོད་པ།།དབང་གྲོས་མི་ལ་མ་སྟེར་རང་གིས་ཟུངས།།རྒྱལ་བའི་བཀའ་ལ་གྲོས་འདྲིས་རི་ཁྲོད་པ།།མི་ཡིས་བསྟོད་པས་བཟང་བའི་དགོས་པ་མེད།།བཟང་ངན་ཆོས་དང་སྟུན་དང་རི་ཁྲོད་པ།།རྟག་ཏུ་དམན་ས་ཟུངས་ལ་འཆི་གྲབས་གྱིས།།ནམ་འཆི་ངེས་པ་མེད་དོ་རི་ཁྲོད་པ།།འཇིག་རྟེན་འདི་རུ་གཏན་ནས་མི་སྡོད་ན།།ཕྱི་མར་ཕན་ཐབས་གྱིས་དང་རི་ཁྲོད་པ།།སྒོམ་ཡུན་མ་ཐུང་ཚེ་དང་སྙོམས་པར་གྱིས།།དོན་གྱི་གཙོ་བོ་ཡིན་ནོ་རི་ཁྲོད་པ།།རང་མགོ་རང་གིས་འདོན་ན་བུ་རབ་ཡིན།།འདོན་ཐབས་དམ་ཆོས་ཡིན་ནོ་རི་ཁྲོད་པ།།ཚོ་ལྔའི་ནགས་ཁྲོད་དབེན་གནས་བྲག་དཀར་ནས།།སྐལ་ལྡན་རས་པས་རང་ལ་གྲོས་བཏབ་པ།།འདི་ཡིས་རང་དང་གཞན་ལ་ཕན་པ་དང་།།སྒྲུབ་རྒྱུད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག།།ལེགས་བཤད་ཀྱི་འདོད་དགུའི་ཆར་འབེབས་པའི།།གསུམ་ལྡན་གྱི་བླ་མ་རིན་པོ་ཆེ།།དམིགས་མེད་ཀྱི་ཐུགས་རྗེའི་སྤྱན་ཡངས་ཀྱིས།།གུས་ལྡན་གྱི་བུ་ལ་རྒྱང་ནས་གཟིགས།།བླ་མ་ནི་བཀའ་དྲིན་མཆོག་ཏུ་ཆེ།།མོས་གུས་ཀྱིས་སྙིང་ནས་གསོལ་བཏབ་ན།།གང་འདོད་ཀྱི་དངོས་གྲུབ་ཆར་ལྟར་འབབ།།དུས་གཏན་དུ་བདེ་བའི་སྐྱིད་འགོ་འཛུགས།།དལ་འབྱོར་འདི་ཕྱི་ནས་རྙེད་པར་དཀའ།།བསྟན་པ་དང་མཇལ་བ་ད་ལམ་ཙམ།།ཚེ་ཐུང་འདི་ཇི་ལྟར་བྱས་ཀྱང་ཕྱིད།།ལྷ་ཆོས་ལ་ཉིན་མཚན་ཁོར་ཡུག་གཞོལ།།འཆི་བདག་གིས་མི་ཚུགས་ས་ཕྱོགས་མེད།།གློ་བུར་དུ་མི་འཆིིའི་ཆ་མེད་པས།།འདི་སྣང་གི་ཆོས་བརྒྱད་སྒྲོག་བཅད་ནས།།དམི་རྒོད་ཀྱི་སེམས་ཉིད་འདུལ་རེ་རན།།ངན་སོང་གི་སྡུག་བསྔལ་བཟོད་ཐབས་མེད།།སྐྱོབ་བྱེད་ཀྱི་དཀོན་མཆོག་རིན་ཆེན་གསུམ།།འབྲལ་མེད་དུ་བསྟེན་ནས་བློ་གཏད་ན།།བྱིན་རླབས་ཀྱིས་སེམས་ཉིད་ཇེ་དུལ་འགྲོ།དཀར་ནག་གི་ལས་འབྲས་ཕྲ་ཞིང་ཞིབ།།ཧ་ཅང་རང་སྙིང་ཁམས་ཆེ་མི་རུང་།།སྟོབས་བཞི་དང་ལྡན་པའི་བཤགས་བསྡམས་གྱིས།།སྔར་བྱས་ཀྱི་ཉེས་ལྟུང་འདག་ངེས་སྦྱོང་།།ལས་ཉོན་གྱིས་འཁོར་བའི་ཁྲོན་པ་འདིར།།ཡང་ཡང་དུ་འཁོར་བའི་ཚུལ་སོམས་ལ།།བསླབ་གསུམ་གྱི་ཐེམས་སྐས་ལ་རྒྱུད་ནས།།ངེས་ལེགས་ཀྱི་གྲོང་ཁྱེར་ཉམས་དགར་སྙོགས།།ཉམ་ཐག་གི་འགྲོ་འདི་དྲིན་ཅན་མ།།ཡང་ཡང་དུ་དྲིན་གྱིས་བསྐྱངས་བའི་ཚུལ།།ལེགས་པར་ནི་སོམས་ལ་སྙིང་བརྩེའི་བློས།།སྡུག་བསྔལ་ལས་སྒྲོལ་བའི་ཁུར་ཆེན་སྣོམས།།འཁོར་འདས་ཀྱི་ཆོས་ཀུན་མིང་རྐྱང་ཙམ།།དོན་སྟེང་དུ་གྲུབ་པ་ཡེ་མེད་པས།།རྣམ་རྟོག་གིས་བཏགས་པའི་འཁོར་བ་འདིར།།རེ་དོགས་ཀྱིས་འཁོར་དུ་མ་འཇུག་ཅིགཐ་མལ་གྱི་སྐྱེ་ཤི་བར་དོ་གསུམ།།མན་ངག་དང་ལྡན་པའི་སྐྱེས་བུ་ལ།།སྐུ་གསུམ་དུ་ཡོད་པས་མ་འཇིགས་པར།།དགའ་བདེ་ཡིས་རོལ་བ་དེར་གྱུར་ཅིགདམ་ཆོས་འདི་ཤེས་པས་མི་ཆོག་སྟེ།།ཆོས་སེམས་གཉིས་བསྟུན་པ་གདམས་པའི་ཕུལ།།ཡུན་ཐུང་གིས་འཁྲུལ་བ་མི་ཆོད་པས།།སྒོམ་ཡུན་དེ་ཚེ་དང་སྙོམས་པར་གྱིས།།ཡ་མཚན་དང་ལྡན་པའི་དམ་པ་རྣམས།།འགྱུར་མེད་གྱི་བརྩན་ས་ཟིན་ལགས་ཀྱང་།།བདག་ཅག་ནི་ད་དུང་འཁོར་བ་འདིར།།ཡང་ཡང་དུ་འཁྱམ་འདི་ཅི་རང་དྲགད་ནི་རང་བྱ་བྱེད་མ་མང་བར།།གཅིག་དྲིལ་དུ་རང་གི་སེམས་ལ་ལྟོས།།དེ་ལྟར་དུ་སྨྲས་བ་དགེ་བ་དེས།།རང་གཞན་གྱིས་སངས་རྒྱས་མྱུར་འཐོབ་ཤོག

ཅེས་མང་ཐོས་སྐལ་ལྡན་རྒྱ་མཚོས་རང་གི་སློབ་བུ་བསམ་གཏན་རྒྱ་་མཚོ་ལ་གྲོས་སུ་བཏབ་པའི་གླུ་འདི་ནི་སྟག་ལུང་དཔལ་གྱི་རི་བོའི་རྩེ་མོ་ནས་ཡི་གེར་བྲིས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།