བླ་མ་དང་རྗེ་བཙུན་མ་ལ་གསོལ་བ་འདེབས་ཤིང་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 21:55:05     རྩོམ་པ་པོ།   གུང་ཐང་བསྟན་པའི་དབང་ཕྱུག    ཀློག་ཐེངས།  

 ༄༅།།ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡ།

སྐྱབས་ཀུན་ངོ་བོ་རྩ་བའི་བླ་མ་དང།།

དབྱེར་མེད་བཅོམ་ལྡན་འཕགས་མ་སྒྲོལ་མ་ལ།།

རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ལོ།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

འཇིགས་པ་མེད་པའི་ལུང་རྟོགས་ཡོན་ཏན་གྱིས།།

ཡོངས་རྫོགས་བསྟན་པའི་དབང་ཕྱུག་གཅིག་གྱུར་བ།།

འཇིགས་བྲལ་སྲིད་ཞིའི་བླ་ན་འཕགས་པའི་མགོན།།

ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ནས།།

མཚར་སྡུག་ལྷ་མོའི་གར་གྱིས་ཉམ་ཐག་འགྲོ།།

ཉམ་ངའི་སྲིད་མཚོ་ཆེ་ལས་སྒྲོལ་མཛད་མ།།

བཅོམ་ལྡན་འཕགས་མ་ཡུམ་ལ་གསོལ་བ་འདེབས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

ཚེ་འདིར་ཆོས་ཀྱི་ཆ་རྐྱེན་འབྱོར་བའི་ཕྱུག།

ཕྱུག་ཀྱང་འདོད་ཡོན་རྨི་ལམ་བཞིན་དུ་མཐོང་།།

མཐོང་བའི་མོད་ལ་སྡོམ་ཁྲིམས་རྣམ་པར་དག།

དག་པའི་ཞིང་དུ་ནམ་ཞིག་སྐྱེ་བ་སོགས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

སྐྱེས་ནས་ཐེག་པ་ཆེན་པོའི་རིགས་སད་དེ།།

དགྲ་གཉེན་མེད་པར་བདག་གཞན་མཉམ་བརྗེས་ཀྱིས།།

ཉེ་རིང་མེད་པའི་འགྲོ་བ་མ་ལུས་པ།།

བྱང་ཆུབ་མཆོག་ལ་འགོད་འདོད་སེམས་བསྐྱེད་སོགས།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

གདོད་ནས་རང་བཞིན་ངོས་ནས་མ་གྲུབ་ཅིང་།།

ཐ་སྙད་སྒྱུ་མ་ཙམ་དུ་སྣང་བ་ཡི།།

འཁྲུལ་མེད་ལྟ་བ་མཆོག་གི་མཚོན་རྣོན་གྱིས།།

བདག་འཛིན་སྡེ་བཅས་འཇོམས་པར་བྱེད་པ་སོགས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

བསམ་གྱིས་མི་ཁྱབ་ཏིང་འཛིན་མཐའ་ཡས་ཐོབ།།

བརྗོད་ཀྱིས་མི་ལང་མཁྱེན་བརྩེའི་དཔལ་ལ་འབྱོར།།

གྲངས་ཀྱིས་མི་ཟིན་འགྲོ་བ་སྒྲོལ་བའི་ཕྱིར།།

འཁུར་གྱིས་མི་ངལ་སྤྲུལ་བ་འགྱེད་པ་སོགས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

མདོར་ན་ཚེ་འདིར་ནད་མེད་བདེ་སྐྱིད་ལྡན།།

མཐུན་རྐྱེན་མ་ལུས་འདོད་པ་བཞིན་དུ་འགྲུབ།།

ཕྱི་མའི་སྐྱེ་ཀུན་བླ་མས་རྗེས་བཟུང་ནས།།

རྒྱལ་སྲས་སྤྱོད་པའི་ཕ་རོལ་ཕྱིན་པ་སོགས།།

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།།

ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།།

དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས།།

ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་གྱུར་ཅིག།

ཅེས་བླ་མ་དང་རྗེ་བཙུན་མ་ལ་གསོལ་བ་འདེབས་ཤིང་བསམ་པ་ལྷུན་འགྲུབ་མ་འདི་ལྟ་བུ་ཞིག་དགོས་ཞེས་ཁོ་ཚེ་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་རིགས་དགེ་སློང་སྐལ་བཟང་བློ་གསལ་གྱིས་འདོད་མོས་བཞིན།༧ཤཱཀྱའི་དགེ་སྦྱོར་མི་བསྐྱོད་དགྱེས་གར་རྡོ་རྗེས་སྦྱར་བ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།