ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོས་གནང་བའི་བསླབ་བྱ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-30 20:51:55     རྩོམ་པ་པོ།   ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚ    ཀློག་ཐེངས།  

༄།།བསླུ་མེད་སྐྱབས་གནས་བླ་མ་རིན་ཆེན་གསུམ།།

འདབ་བརྒྱད་སྙིང་གི་པདྨོར་རྟག་རོལ་ལ།།

བསམ་པ་དག་པས་ཚིག་སྣ་འགའ་བསྙད་པ།།

ཇི་བཞིན་ཉམས་སུ་ལེན་པར་བྱིན་གྱིས་རློབས།།

ཀ་ཡེ་སྔོན་བྱོན་དམ་པའི་བསླབ་བྱའི་གཞུང།།

གླང་ཆེན་ཁལ་རྒྱབ་ལོངས་བ་དེ་བོར་ནས།།

གསར་བཤད་མོས་བ་ཡན་ལག་བརྒྱད་ལྡན་འགྲམ།།

བ་ཚྭའི་ཁྲོམས་པར་རེ་བ་ཉིད་དུ་འཁུམས།།

བསླུ་མེད་མཆོག་གསུམ་ནམ་ཡང་གཙུག་དུ་བསྟེན།།

ཁས་བླངས་སྡོམ་གསུམ་བཅས་བ་ཕྲ་རེག་རྣམས།།

གྲངས་འདྲེན་ངེས་པར་བྱས་ནས་དུས་དྲུག་དུ།།

མངོན་ལྐོག་མེད་པ་བསྲུང་བ་ཉམས་ལེན་མཛོད།།

བསྡོམ་གསུམ་བཅས་བ་རྩ་བཞིན་དོར་ནས་ནི།

ཐོས་བསམ་སྒོམ་སྒྲུབ་ལས་ལ་ཆེར་འབད་ཀྱང་།།

འོ་མ་འདོད་ནས་རྭ་རྩེ་བཞོས་པ་དང་།།

ལོང་བས་མིག་ལྡན་མགོ་སྐོར་བཏང་དང་མཚུངས།།

རང་རྒྱུད་མ་ཐུལ་གཞན་རྒྱུད་ཐུལ་རེ་མེད།།

དུས་ལ་མ་བབས་འགྲོ་དོན་སྒྲུབ་པ་སྤོངས།།

ཚེ་འདི་བློས་ཐོངས་གང་ཤེསརང་གི་རྒྱུད།།

འདུལ་བའི་ཐབས་སུ་འཁྱེར་བ་གནད་དུ་གལ།།

ལམ་སྔགས་གཉིས་སོགས་ཡབ་སྲས་ལེགས་བཤད་རྣམས།།

ནམ་ཡང་དཔེ་ལྟས་བཤེས་གཉེན་དམ་པོར་ཟུངས།།

ཤེས་རྒྱུད་ཆོས་དང་འདྲེས་བ་ཞིག་བྱུང་ན།།

དལ་འབྱོར་ཐོབ་པ་དོན་ལྡན་དེ་ལ་ཟེར།།

མདོར་ན་ཁྱབ་བདག་ཨ་བྷྱའི་ཞལ་སྔ་ནས།།

བསླབ་བྱ་ཉམས་ལེན་སྙིང་བོའི་དགོངས་དོན་བཞིན་།།

ཉམས་སུ་ལོངས་དང་ཚུལ་བཞིན་དབང་འབྱོར་ན།།

དོན་གཉིས་རིན་ཆེན་ལག་རྩེར་སོན་པ་བཞིན།།

བསླབ་བྱ་ཞུ་བ་མང་ཡང་ཉམས་ལེན་དུ།།

འཁྱེར་མཁས་ཉིན་སྐར་ཇི་བཞིན་ཆེས་ཕྲ་མོད།།

ཚིག་འདི་གནད་དུའགྲོ་མིན་ཞུ་བ་བོས།།

འབྱུང་ཆར་སྤྱོད་པས་རྣམ་དབྱེ་གསལ་བོར་འབྱེད།།

དལ་འབྱོར་སྟོང་ལོག་བྱེད་པའི་རྒན་པོ་ནས།།

ཁ་བཤད་ཚིག་གིས་གཞན་ལ་ཕན་རེ་མེད།།

འོན་ཀྱང་དབྱུག་གུས་རྔ་ལ་བསྣུན་བའི་ཚེ།།

དབང་མེད་རང་སྒྲ་འབྱིན་པ་ཆོས་ཉོད་དོ།།

ས་དཀར་དགེ་སློང་ཡོན་ཏན་རྒྱ་མཚོས་བསྐུལ་ངོར་་༧ཡོངས་འཛིན་མཁས་གྲུབ་རྒྱ་མཚོས་རང་ལོ་དོན་ལྔའི་སྟེང་སྦྱར་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།