ཐུགས་གཉེར་གནང་ཚུལ་བསླབ་བྱ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:51:17     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

303738897055882088.jpg

           

            ཨོཾ་སྭ་སྟི། ཐུགས་གཉེར་གནང་ཚུལ་བསླབ་བྱ་དགོས་གསུངས་པ་ཀུན་མཁྱེན་གོང་མའི་གསུང་དང་ངེད་ཀྱིས་ཀྱང་སྔར་བྲིས་པ་དེས་འཐུས་པས། ཚིགས་བཅད་དུ་འདྲི་ལོང་མ་བྱུང༌། དོན་གྱི་སྙིང་པོ་ཡིག་ཆ་དང་གཞུང་རང་རང་གི་རྩ་བ་ཐུགས་འཛིན་གནང༌། དེའི་སྟེང་ནས་ཚིག་འཁྲི་ཕྲ་མོ་ཚུན་ཆད་ཀྱང་ཁེགས་པའི་རྩོད་པ་བདར་ཤ་ཆོད་དགོས། ཡིག་ཆ་འགའ་ཞིག་བལྟས་ཙམ་ན་མདོར་འདུ་ཞིང་གོ་བདེ་བ་ལྟ་བུ་ཡོད་ཀྱང་དེ་ལ་དང་པོར་གོ་བ་དེ་ལས་ལྷག་པར་སྐྱེད་ཐོན་པས་ཟབ་རྒྱས་སུ་འགྲོ་རྒྱུ་མེད། ཀུན་མཁྱེན་བླ་མའི་ཡིག་ཆ་འདིར་ཚིག་དུམ་ཆོད་དང་དོན་ལ་ལ་སྐབས་དེར་མ་འབྲེལ་བ་ལྟ་བུ་ཡོད་ཀྱང་ཤིང་རྟ་ཆེན་པོའི་གཞུང་མང་པོར་བལྟས་ནས་ཕྱིར་འཁོར་ན་འདིའི་རྩ་བ་དེ་ལ་ཐུག་འདུག་སྙམ་དེ་དག་གི་སྒོ་ནས་ཡིག་ཆར་ཡིད་ཆེས་སྐྱེས་རྒྱུ་ཡིག་ཆའི་སྟེང་ནས་དེ་ཐམས་ཅད་ཀྱི་ཁོག་འགྲིག་རྒྱུ་སོགས་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་ཏུ་འགྲོ་རྒྱུ་ཞིག་ཡོད། ཕར་ཕྱིན་ལྟ་བའི་སྐབས་འགྲེལ་པ་དོན་གསལ་ལ་བལྟས་ན་དང་པོར་གྲངས་འདྲེན་ལྟ་བུ་ཞིག་ཏུ་ཡོད་ཀྱང་ཡུན་དུ་དཔྱད་ན་མཐའ་དཔྱོད་ཐམས་ཅད་རྣམ་བཤད་གསེར་འཕྲེང་གཉིས་ལ་མ་ཐུག་པ་མེད། དེ་འགྲེལ་པའི་ཚིག་ལ་མ་འཁྲིས་པ་མེད་པས་མཆོད་བརྗོད་སྐོར་ཅུང་ཟད་འཕྲོས་ཆེ་བ་མ་གཏོགས་ཕར་ཕྱིན་སྐོར་ཐམས་ཅད་འགྲེལ་པ་སྐྱོར་ཐེངས་གཅིག་གི་ཁོངས་སུ་དྲན་གསོ་ཐུབ་པ་ཞིག་གལ་ཆེ། དབུ་མའང་དགོངས་པ་རབ་གསལ་གྱི་ས་བཅད་སྟེང་ནས་འཇུག་པའི་སྟེང་དུ་འདྲིལ་བ་ཞིག་བྱུང་ན་དབུ་མའི་རིགས་པ་གནད་ཆེ་བ་རགས་རིམ་གྱི་ངོ་བོ་ཙམ་དེས་ཆོག །དེ་རྗེས་དེའི་སྒོ་ནས་འཇུག་པའི་དབུ་མ་རྩ་ཤེས་ཡིན་ལ། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་གསུང་དོན་རྩ་ཤེའི་རྣམ་གྲངས་རེ་རེ་ལ་མང་པོ་ཞིག་གསུང་བ་དང་པོར་བལྟས་ཚེ་ཟློས་པ་ལྟ་བུར་ཡོད་ཀྱང་རྒྱུས་ལོན་ན་ཚིག་རེ་རེ་བཞིན་གྱི་རིགས་པའི་ཟུར་ཇེ་རྣོ་དང་ཇེ་ཟབ་ཀྱིས་གཏུགས་པ་མེད་པར་འགྲོ་བས་སྟོང་ཉིད་ལ་ཟབ་པར་གསུངས་པ་དེར་ནང་ནས་ངེས་པ་རྙེད་པ་ཞིག་བྱུང་ན་ཟབ་པའི་སྒོ་ནས་འཇུག་ཚུལ་ཟེར་བ་དེ་བྱུང་བ་ཡིན། རྩ་ཤེ་ལ་རིགས་པའི་ཟུར་རྣོ་བྱེད་རིགས་ཚོགས་གཞན་རྣམས་དགོས་ཤིང༌། རྗེས་འཇུག་གི་ཁྲོད་ན་བཞི་བརྒྱ་པ་ལས་ལྷག་པ་མེད། མཛོད་འདུལ་གཉིས་ལ་དབུ་ཕར་ལྟ་བུའི་གཏིང་ཟབ་ཏུ་གཏོང་རྒྱུ་མེད། རྣམ་གྲངས་ངེས་པའི་འདྲིས་ཆ་གལ་ཆེ། མཛོད་གནས་དང་པོ་ལྟ་བུར་བགྲོ་གླེང་བྱེད་ཚེ་ཁས་ལེན་ཤོར་བ་ལ་གནས་དང་པོའི་ལུང་འདྲེན་རྒྱུ་ཡོད་པས་གོ་མི་ཆོད། གནས་བརྒྱད་ཀའི་ནང་དུ་ལྷུ་མ་འགྲིགས་པ་ཞིག་ངེས་པར་བྱས་ཡོང་བས་དེ་ཐམས་ཅད་ནས་གནོད་བྱེད་སྟོན་རྒྱུ་ཡོད་པ་དང༌། གང་ལའང་རྩ་ཚིག་གི་ལུང་རེ་མེད་མི་སྲིད་པས་མགོ་མཇུག་ཐམས་ཅད་བསྡེབ་ཤེས་དུས་མཛོད་ལ་གོམས་ཆ་སོང་བ་ཡིན། འདུལ་བ་མདོ་རྩའང་དང་པོར་འགྲེལ་པ་དོན་གསལ་བཞིན་རྩོད་རྒྱུ་དང་གཉིས་ཀ་མི་གཅིག་པ་ལྟ་བུ་ཞིག་འཆར་ཡོང༌། མཚོ་ཊཱིཀ་ལྟ་བུའི་སྟེང་ནས་གོང་འོག་གནང་བཀག་དང་ཡན་ལག་ཚང་མ་ཚང་གི་ཞིབ་ཆ་སོགས་ཐམས་ཅད་བྱེད་ཐུབ་ཚེ་མཐའ་དཔྱོད་ཀྱི་དེ་ཐམས་ཅད་ཀྱང་རྩ་བའི་ནང་དེར་ཁྲིག་གེ་འདུས་ཡོད་པས་རང་རང་གི་རྩ་བ་དང་མཐའ་དཔྱོད་ཡ་མ་བྲལ་བ་གལ་ཆེ། རྣམ་འགྲེལ་ད་ལྟ་ཀུན་ལ་གཟུགས་བརྙན་དུ་སོང་ཡོད་པས་རིགས་པའི་ཟུར་ཕྱིན་པ་དཀའ་འང་ལེའུ་གཉིས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཚུལ་སོགས་སྤྱི་ཁོགས་ཤིག་ཐུགས་ལ་འཇགས་པ་མེད་མི་རུང་ཡིན། དེ་ལྟར་བཀའ་པོད་ལྔ་ལ་ཐུགས་གཉེར་རྡོ་རུས་ཐུག་པ་ཞིག་གནང་ན་གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་བྱང་ཆུབ་ལམ་གྱི་རིམ་པ་ཡིན་ཞིང༌། དེའི་དོན་སྐྱེས་བུ་ཆུང་འབྲིང་གི་ངེས་འབྱུང་ཆེན་པོའི་བྱང་སེམས་དང་ཡང་དག་པའི་ལྟ་བ་ལས་མ་འདས། དང་པོས་ཁམས་གསུམ་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་ཡིད་འབྱུང་བ་ལ་ཁམས་གསུམ་འཁོར་བ་རང་ཤེས་དགོས་ཤིང༌། དེ་མངོན་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཕུང་ཁམས་སྐྱེ་མཆེད་བཤད་པ་དེ་ཤེས་པ་ལ་ཐུག །དེ་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་སློབ་ཚུལ་འདུལ་བ་རང་ཡིན། དེ་རྩོམ་བྱེད་ཀྱི་སྐྱབས་འགྲོ་མོས་མནོ་ཙམ་མ་ཡིན་པར་རྣམ་དག་ཅིག་འོང་བ་རྣམ་འགྲེལ་ལ་ཐུག །བདེན་བཞིའི་འཇུག་ལྡོག་ཀྱང་བཀའ་འཁོར་ལོ་དང་པོའི་དགོངས་འགྲེལ་མངོན་པ་མཛོད་ཡིན་པས་དེའི་སྟེང་ནས་མཐའ་ཆོད་པར་ཤེས་དགོས། ཆེན་པོའི་བྱང་ཆུབ་ཀྱི་སེམས་སོགས་རྒྱ་ཆེ་བའི་ལམ་རིམ་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཕར་ཕྱིན་ཡིན་ཞིང་ཤེར་མདོ་ཙམ་མ་ཡིན་པར་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་དེའི་ཡན་ལག་ཏུ་འཁྱེར་ཚུལ་མདོ་སྡེ་རྒྱན་ན་གསལ་བས་རྒྱན་གཉིས་ཀ་ཟུང་དུ་འཇུག་པ་ཞིག་གནད་ཆེ། ཟབ་མོ་ལྟ་བའི་ལམ་རིམ་དབུ་མར་རག་ལས་པ་རླུང་ལྟར་གྲགས་ཆེ་བས་ཞུ་མི་དགོས། བཀའ་པོད་ལྔ་ལ་ཐོས་བསམ་བྱས་པའི་གནད་དོན་ཐམས་ཅད་མདོ་ཕྱོགས་ཀྱི་ལམ་གྱི་རིམ་པའི་ལུས་གཅིག་ཏུ་འདྲིལ་བ་བྱུང་ཚེ་འོ་མའི་ནང་ནས་མར་ལེན་པ་བཞིན་མཚན་བཅས་མཚན་མེད་གཉིས། བསྐྱེད་རྫོགས་གཉིས། སྒྱུ་ལུས་འོད་གསལ་གཉིས། དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་དང་བཅས་པ་ཐམས་ཅད་ཀྱི་གནད་ལ་ངེས་པ་ཁྱད་པར་ཅན་སྙིང་པོ་དང་ཡང་སྙིང་གི་ཚུལ་དུ་ཟབ་རྒྱས་ཀྱི་ལམ་རིམ་གཉིས་པོ་དེའི་ཁོང་ནས་ཆ་ཚང་བ་བདེ་བླག་ཏུ་རྙེད་པ་ཞིག་འབྱུང་བས། ཚུལ་དེ་ཐུགས་ལ་བཞག་ནས་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུར་གྱུར་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་ཕྱོགས་མཐར་བསྒྲེངས་ཤིང༌། སྐལ་ལྡན་གདུལ་བྱ་མཐའ་དག་རྣམ་གྲོལ་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་བླ་ན་མེད་པར་འགྱུར་བ་ཞིག་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བ་ཞུ་ཞུ།
 

               ྋའདི་ནི་ལྕགས་སྦྲུལ་ལོར་སྐྱབས་མགོན་ཐོའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེ་དབུས་སུ་གསན་སྦྱོང་ལ་ཕེབས་སྐབས་ཐུགས་གཉེར་གནང་ཚུལ་གྱི་བསླབ་བྱ་ཞིག་དགོས་ཚུལ་ཞུས་པ་བཞིན། ྋརྗེ་བཙུན་རྡོ་རྗེ་འཆང་གུང་ཐང་རིན་པོ་ཆེས་འཕྲལ་དུ་སྩལ་བའོ།། །།

                                                                                                           རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།