འདུལ་བའི་བསླབ་བྱ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:45:54     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

177227316852096040.jpg

               གང་ལ་བརྟེན་ན་ནམ་ཡང་མི་བསླུ་ཞིང༌། །བཀའ་བཞིན་སྒྲུབ་ན་འདོད་དགུའི་མཆོག་སྩོལ་བ། །པད་དཀར་ལྟར་བསྔགས་ཐུབ་པའི་དབང་པོ་ལ། །དད་པའི་དངོས་པོ་ཀུན་གྱིས་ཕྱག་བགྱི་འོ། །རྒྱལ་བསྟན་སྙིང་པོ་ཟབ་དང་རྒྱ་ཆེ་བའི། །གནད་ཀུན་ཚུལ་ཁྲིམས་རྣམ་པར་དག་པའི་གཞིར། །ལེགས་པར་བསྐྲུན་པའི་ལམ་གྱི་སྲོག་འཛིན་པ། །འཇམ་མགོན་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །དུག་གསུམ་ནད་ཀྱི་གདུང་སེལ་ཨ་མྲི་ཏ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་གཞི། །བསྟན་པའི་རྩ་བ་སྟོན་པའི་གདུང་འཚོབ་མཆོག །ཉེས་ལྟུང་རྙོག་མས་དབེན་པའི་ཁྲིམས་འདི་ཡིན། །དེ་སླད་ཚུལ་ཁྲིམས་ཡང་དག་སྲུངས་ཤིག་ཅེས། །འདོམས་པ་འདི་ནི་གདམས་པའི་ཡང་རྩེ་དང༌། །རང་སེམས་ཆོས་འདུལ་སྲོལ་དུ་བཙུད་པ་ནི། །བསྟན་པའི་བྱ་བ་ཀུན་གྱི་རབ་དང་ཕུལ། །མི་ཤེས་ལྟུང་བ་འབྱུང་བའི་སྒོར་གསུང་ཡང༌། །དེ་ལྔ་ལུང་གི་ལེ་འུའི་མཐར་སོན་པས། །ཤས་ཆེར་མ་གུས་པ་དང་བག་མེད་པས། །བསམ་བཞིན་བསྟན་ལ་རང་དགར་སྤྱོད་པ་མཐོང༌། །དགག་སྒྲུབ་གནང་གསུམ་ལྟུང་བ་ན་སྨད་སོགས། །སྡོམ་དང་གཞིས་བསྡུས་བཅས་མཚམས་མ་ལུས་པ། །ལྷུག་ལྷུག་བཤད་པའི་རླབས་ཕྲེང་ཆེར་གསལ་ཡང༌། །གཏིང་མཐའ་ཉེས་ལྟུང་འདམ་གྱིས་གང་འདིས་སྐྱོ། །སྔོན་བྱོན་དམ་པ་རྣམས་ཀྱིས་མཛད་པ་ཡི། །བསླབ་བྱ་གླང་ཆེན་རྒྱབ་ཁལ་ལོང་ན་ཡང་། །སྙིགས་དུས་སྐྱེ་བོའི་དོན་དུ་མི་འགྱུར་བ། །སློབ་པའི་འདུན་པ་གཞི་ནས་སྟོར་བས་ནོངས། །གླེང་གཞི་འདི་ཡིས་འདི་ལྟར་བཀག་གོ་ཞེས། །གསལ་བར་སྒྲོགས་བཞིན་རང་གི་སྤྱོད་པ་ནི། །སྙིགས་མ་བདོ་བའི་དམག་གི་རུ་འདྲེན་རྣམས། །རྒྱལ་བའི་བསྟན་ལ་ངོ་རྒོལ་བྱེད་པ་འདྲ། །ཤེས་བཞིན་ཁྱད་དུ་གསོད་པས་རབ་ཞུགས་ན། །བཅས་རྐྱང་ཕྲ་མོར་འགལ་བའི་གཞི་ལས་ཀྱང་། །བདེ་གཤེགས་བཀའ་འདས་རྩ་ལྟུང་བསྐྱེད་པ་ཡིས། །བཟོད་དཀའ་རྡོ་རྗེ་དམྱལ་བའི་སྒོ་འཕར་འབྱེད། །དེ་ཕྱིར་དམ་པའི་གསུང་རབ་སྔ་མ་ལ། །བྲི་བསྣན་སྦྱོར་བས་རྩོམ་གྱི་ཁུར་འཛིན་པ། །རང་ཉིད་ངལ་བ་འབྲས་བུར་ཟད་པའི་ཕྱིར། །དེ་བས་བསླབ་བྱ་སྣ་གཅིག་བསྲུང་བ་གཅེས། །ནམ་ཞིག་འདི་སྣང་བསླུ་བའི་མཚང་རིག་ཅིང་། །ངན་སོང་སྡུག་བསྔལ་ཚུལ་ལ་སྙིང་ནས་འཇིགས། །ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ན། །རྒྱལ་དང་དེ་ཡི་བཅས་པར་གུས་པ་སྐྱེ། །དེ་ལྟར་བསྐུལ་མ་ནང་ནས་ཐེབས་པ་ཡིས། །ངེས་འབྱུང་ཤུགས་ཀྱི་སློབ་འདུན་སྐྱེས་པ་ན། །འདུལ་བའི་གཞུང་ཀུན་གདམས་པར་ངེས་འཆར་བས། །བསླབ་བྱས་ནམ་ཡང་ཕོངས་པར་མི་འགྱུར་རོ། །དེས་ན་ཐོག་མ་ཁོ་ནར་འདི་སྙམ་དུ། །རྒྱལ་བ་སྲས་བཅས་དཔང་དུ་ལེགས་བཞག་སྟེ། །མཁན་སློབ་དགེ་འདུན་བཅས་པའི་སྤྱན་སྔ་རུ། །བསླབ་བྱའི་གནས་ཀུན་བསྲུང་བར་དམ་བཅས་ཀྱང་། །རང་གི་སྒོ་གསུམ་བག་མེད་གྱུར་པ་འདིས། །ཐེག་གསུམ་ཐར་པའི་གོ་འཕང་སྨོས་ཅི་དགོས། །མངོན་མཐོའི་སྒྲ་ཡང་ཐོས་པར་མི་འགྱུར་སྙམ། །སྔར་བྱས་ལས་ལ་འགྱོད་པ་ཤུགས་དྲག་བསྐྱེད། །ད་ནི་ཚེ་ལྷག་ཅི་ཙམ་ཡོད་པ་འདིར། །བདུད་ཀྱི་གཡབ་མོའི་རྗེས་སུ་མི་འབྲང་བར། །ཉམས་ལེན་སྙིང་པོ་ཁྲིམས་ཀྱི་བླང་དོར་ལ། །ཆིག་དྲིལ་འབད་སྙམ་དམ་བཅའ་ཡང་ཡང་བྱ། །ཐོས་བསམ་ལ་སོགས་སྒོ་གསུམ་བྱ་བ་ཀུན། །འཁྱག་སྟེང་ཆུ་བཞིན་འཁོར་བའི་ཁ་འཛིན་དུ། །མི་གཏོང་རང་རྒྱུད་འདུལ་ཕྱིར་སྦྱོར་བ་ནི། །གཏན་འདུན་འཕྱུག་མེད་གྲོས་ཀྱི་ཡང་རྩེ་ཡིན། །དེ་ལྟར་སྒྲུབ་ན་ཐར་པའི་གོ་འཕང་ཞེས། །ཕ་རོལ་རྒྱང་རིང་ལྟ་བུར་གྲགས་དེ་ཡང་། །རང་གི་ལག་པའི་རྩེ་མོར་གནས་པའི་ཕྱིར། །དེ་འདྲ་དེ་ལ་དལ་འབྱོར་དོན་ལྡན་ཟེར། །གསལ་ཞིང་རྣོ་བའི་བློ་དང་བརྩོན་པའི་དཔུང་། །འཇིགས་མེད་སྙིང་སྟོབས་ལ་སོགས་སྐྱེས་བུའི་རྩལ། །གང་ཡོད་ཆོས་ཀྱི་ཕྱོགས་སུ་བཀོལ་ནུས་ན། །དེ་ནི་མཁས་མཛངས་རྟུལ་ཕོད་དཔའ་བོ་ཡིན། །དམ་ཆོས་མ་བྱུང་སྡུག་སྐད་འདོན་པའི་མི། །མང་དུ་སྣང་ཡང་རྩ་བ་རང་རང་གིས། །མ་བྱས་པ་ལ་འབྱུང་བའི་ཐབས་མེད་ཀྱི། །བྱས་ནས་མ་བྱུང་བ་ནི་འགའ་ཡང་མེད། །མདོར་ན་མང་དུ་སྨོས་ལྟ་ཅི་ཞིག་འཚལ། །རང་གི་རྒྱུད་ལ་བསྐོར་ནས་ལེགས་བརྟགས་ཚེ། །སྙིང་ནས་ཆོས་ལ་དོན་གཉེར་བློ་སྐྱེས་ན། །དེ་ཡི་ལེགས་ཚོགས་རྩ་བ་ཚུགས་པ་ཡིན། །དེ་སླད་བསླབ་བྱའི་སྙིང་པོ་མདོར་བསྡུས་པ། །སློབ་པའི་འདུན་པ་བསྐྱེད་པ་འདི་ཡིན་པས། །སྐྱིད་སྡུག་འདམ་གའི་དབང་ཡོད་གནས་སྐབས་འདིར། །རང་གིས་རང་ལ་བརྩེ་བ་མ་དོར་ཞིག །འདི་ལྟར་བསྙད་པ་ལས་བྱུང་རྣམ་དཀར་དགེ །སྟོན་ཟླའི་མཛེས་པ་དམན་པར་བྱེད་པ་དེས། །ལུས་ཅན་ཡིད་ཀྱི་མུན་པ་ཀུན་བསལ་ནས། །རྣམ་གྲོལ་ཀུན་དའི་དགའ་ཚལ་རྒྱས་གྱུར་ཅིག །

                ཅེས་པ་འདི་ནི་མཐོ་རིས་ཡོན་ཏན་བདུན་གྱིས་མངོན་པར་མཐོ་བ་ཧར་ཆེན་ཝང་གི་ཐོ་ཡོན་དྷརྨ་ཀིརྟིས་འདུལ་བའི་བསླབ་བྱ་ཞིག་དགོས་ཚུལ་བྱུང་ཡང༌། སྤྱིར་རྗེ་བདག་ཉིད་ཆེན་པོ། འདུལ་འཛིན། སྤྱན་སྔ་བ། པཎ་ཆེན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་མཛད་པའི་བསླབ་བྱ་རྒྱས་བསྡུས་ཅི་འདྲ་ཞིག་དགོས་ཀྱང་འདུག་གཤིས་གསར་དུ་བྲི་མི་དགོས་ལ། ལྷག་པར་དེང་དུས་བསླབ་བྱ་ལ་ལྟ་བ་རྣམས་ཀྱིས་ཀྱང་འདི་ན་འདི་ལྟར་བགྲང་འདུག་གོ་ཞེས་བཤད་པའི་ཡན་ལག་ཙམ་དུ་ཁྱེར་ཏེ། བསྲུང་རྒྱུའི་འདུན་པ་ཞིག་གཞི་ནས་མ་སྐྱེས་པས་ལན་འདུག་སྟབས། སྡེ་ལྔའི་ངོས་འཛིན་སོགས་མ་སྤྲོས་པར། སློབ་འདོད་རྣལ་མ་ཞིག་སྐྱེད་དགོས་ཚུལ་མདོར་བསྡུས་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

                                                                                                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།