ཡིད་ལ་བརྣག་པའི་གཏམ་དང་འདུལ་བའི་བསླབ་བྱ་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:41:56     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

675443055871757104.jpg

                 ༄༅། །ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཁྲུལ་འཁོར་སེལ་བའི་ཆོ་ག་ཞེས་བྱ་བ་དང༌། འདུལ་བའི་བསླབ་བྱ། ཐུགས་གཉེར་གནང་ཚུལ་གྱི་བསླབ་བྱ་བཅས་བཞུགས་སོ། །

                  ན་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ། ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཁྲུལ་འཁོར་སེལ་བའི་ཆོ་ག་ཞེས་བྱ་བ། བླ་མ་ཐུགས་རྗེའི་བདག་ཉིད་ཆེན་པོ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་མིག་གཅིག་ཉི་མའི་གཉེན། །མི་མངོན་ཆོས་དབྱིངས་ནུབ་རིའི་ཕག་ཏུ་འཆེལ། །དེ་ཚེ་ལུང་རྟོགས་འོད་དམར་ཆེས་གསལ་ཡང༌། །མཁས་རྣམས་བསྟན་པ་ཉམས་ཞེས་མྱ་ངན་བྱེད། །འོན་ཀྱང་བློ་བཟང་སྨྲ་བའི་ཟླ་བ་དེས། །རྨོངས་པའི་མུན་སེལ་བདུད་རྩིའི་མཆོད་སྦྱིན་སྤྲོས། །ད་ནི་ཟླ་བའི་འོད་ཀྱང་སྲོད་དུ་འགྲིབ། །ངེས་དོན་མུན་པའི་སྨག་གི་གུང་ལ་སླེབས། །ལྷག་བསམ་དཀར་བའི་མདངས་ལྡན་རྒྱུ་སྐར་ཚོགས། །དབང་མེད་སྙིགས་མའི་ཆུ་འཛིན་སྟུག་པོས་བསྒྲིབས། །སྤྲིན་གྱི་གསེབ་ནས་མཐུ་ཆེན་རེ་རེ་ཙམ། །རང་ཉིད་སྟོན་པར་ནུས་པའང་མཚར་དུ་རྩི། །ཐར་པའི་སྲོག་ལ་རྒོལ་བ་འབྱུང་པོའི་གཙོ། །མཚན་མོ་རྒྱུ་བ་རྣམས་ཀྱིས་སྟོང་གསུམ་བསྐོར། །རྣམ་དག་བསླབ་གསུམ་འཕགས་པའི་ནོར་འཕྲོག་པའི། །རྐུན་པོའི་ཚོགས་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཉུལ། །ཆོས་བརྒྱད་ལང་ཚོར་གཡེམ་ལ་རྗེས་ཆགས་པའི། །སྐྱེས་བུ་རྣམས་ནི་བག་མེད་དགའ་མགུར་སྤྱོད། །ནག་པོའི་ཕྱོགས་ལ་མངོན་དགའ་སྲིན་བྱའི་ཚོགས། །ལྟས་ངན་གད་མོ་དགའ་བའི་དབྱངས་སུ་སྒྲོགས། །ཕྲག་དོག་ཁོང་ཁྲོའི་གདོན་གྱིས་བརྒྱལ་བ་ཡི། །ཝ་སྐྱེས་སྐད་ཀྱིས་ངན་པའི་རྣམ་རྟོག་སློང༌། །སྡང་ཞིང་གདུག་པའི་སྐྱེ་བོ་མི་བསྲུན་པའི། །དམོད་པའི་ཚིག་མདའ་སྟག་མོའི་ངར་སྐད་སྒྲོགས། །དོན་མེད་ཆུ་རླུང་འཐབ་པའི་སྒྲ་སྐད་ཀྱང༌། །འུར་འུར་ལྡང་བས་འཇིགས་སྐྲག་སྐྱེ་བ་སྐྱེད། །སྲིད་ལ་བརྐམ་པའི་རྐྱེན་ངན་ནགས་ཁྲོད་དུ། །ནོམ་ཞིང་ཉུལ་བས་ཚུལ་ཁྲིམས་གོས་དང་བྲལ། །གནོད་སེམས་ཚེར་མའི་དོང་དུ་ལྷུང་བ་ཡིས། །སྐད་ཅིག་ཙམ་ཡང་བདེ་བའི་གོ་སྐབས་མེད། །སྙིང་ལ་གནས་བཅས་སྙིགས་མའི་ལྟ་བ་བཞིན། །ཕྱི་རོལ་རྒུད་པའི་མུན་པ་ཕྱི་ཕྱིར་འཐིབས། །ནད་དང་གནོད་པའི་རླན་གྱི་གྲང་ངད་ཀྱང༌། །སྐད་ཅིག་རེ་རེ་བཞིན་དུ་སྟོབས་རྒྱས་ཤིང༌། །རྣམ་རྟོག་གདོན་གྱི་མདངས་སུ་ཤར་བ་ཡི། །བྱ་དང་བྱེ་འུས་ཐན་སྐད་སྣ་ཚོགས་སྒྲོགས། །ལྷ་འདྲེའི་གཅན་གཟན་དུ་མར་འཁྲུལ་བྱེད་པའི། །མོ་ལུང་རྫུན་མའི་ཚེག་སྒྲ་ཐིག་སྒྲ་མང༌། །སྐད་ཅིག་བདེ་བའི་གློག་ཕྲན་འགྱུ་བ་ཡང༌། །མོད་ལ་ཡལ་བས་ཤིན་ཏུ་མུན་པར་བྱེད། །སྡོད་པར་མི་ནུས་ཤུ་བ་མི་ཡི་གཟུགས། །ཕྲག་དོག་ཁོང་ཁྲོའི་ཆར་རླུང་དྲག་པོས་གཙེ། །འགྲོ་བའི་མཐུ་མེད་སེར་སྣའི་སྒྲོག་གིས་བཅིངས། །སྲེད་པའི་འདམ་དུ་འདྲེད་ཅིང་བརྡེག་འཆའ་ལ། །གང་དུ་ལྷུང་ན་ཐར་པའི་གནས་མེད་པ། །ངན་སོང་གསུམ་གྱི་གཡང་ས་འཇིགས་སུ་རུང༌། །འབྲོས་པར་འདོད་ཀྱང་ཞི་བའི་ལམ་མི་མཐོང༌། །འོ་དོད་བོས་ཀྱང་སྐྱོབ་པའི་མགོན་མ་མཆིས། །གཏོལ་མེད་རི་ཀླུང་ཀུན་ཏུ་འཁྱམས་ན་ཡང༌། །ལས་ཀྱིས་མི་གཏོང་ཁོང་པའི་ནད་བུ་བཞིན། །གང་གང་དབང་པོའི་སྒོ་ནས་ཞུགས་པའི་སྦྲུལ། །ཀུན་ཡིད་གདུང་བའི་དུག་གིས་ཁྱབ་པར་བྱེད། །ཉེས་པའི་མུན་ཅན་མ་ལ་ཕྲག་དོག་གིས། །དགེ་དང་ལེགས་པའི་ཆ་ཀུན་བྲོས་པ་བཞིན། །འཕྲལ་ཡུན་གནོད་པའི་དཔུང་གི་ཚོགས་བསྒྲིལ་ཏེ། །ཉམ་ཆུང་ཡིད་ཀྱི་དགའ་བ་འཕྲོག་བྱེད་ཅིང༌། །མཐུན་འཇུག་བྲག་གི་གསེབ་ཏུ་ཞུགས་པ་ཡིས། །སྒོ་གསུམ་དགེ་བའི་ཡན་ལག་ཐམས་ཅད་རྨས། །འདོད་པའི་འཁྲི་ཤིང་རྩ་བར་རྟེན་བཅས་པས། །རྒ་དང་ན་བཅས་འཆི་འཕོ་ཐིགས་པས་གདུངས། །དགེ་དང་མི་དགེའི་ལས་ཀྱི་སྟངས་སྟབས་གར། །བསྒྱུར་བ་རང་གི་ལུས་ཀྱང་མཐོང་མིན་ན། །རིགས་མཐུན་ལོང་བས་ལོང་བ་འཁྲིད་བྱེད་པ། །བདེ་འགྲོའི་སྒྲ་ཡང་རྣ་བར་མི་སྙན་ནམ། །རང་དགར་སྤྱོད་པའི་བདུད་ཀྱི་ཕོ་ཉ་བ། །མེ་ཁྱེར་རྣམས་ནི་སྣང་བའི་མཛོད་དུ་རློམ། །སྡུག་བསྔལ་གྲང་རེག་རྒྱས་པའི་འགྲོ་བ་དང༌། །ལྷན་ཅིག་རྒྱལ་རྣམས་སྙིང་རྗེའི་སྤུ་ལོང་འཛིན། །སྙིགས་མ་བདོ་བའི་སྨག་ཆེན་འདྲེས་པ་ཡིས། །སྲིད་པའི་འཁོར་ལོ་བླ་འོག་བསྒྱུར་བ་བཞིན། །ཀྱེ་མ་མི་བཟད་རྒུད་པའི་མཚན་མོ་འདི། །ཐུན་ཚོད་བརྒྱ་དང་ལྡན་བཞིན་ཟད་པ་མེད། །མ་འོངས་དུས་ན་བྱམས་མགོན་ཉིན་བྱེད་ཀྱིས། །ཐེག་གསུམ་པདྨོའི་དགའ་ཚལ་འབྱེད་དོ་ཞེས། །ཚད་མར་གྱུར་པའི་ལུང་ལས་གསུངས་མོད་ཀྱང༌། །བདག་ཅག་ལྟ་བུའི་དོན་དུ་ནམ་ཞིག་འགྱུར། །རིགས་ལྡན་རིགས་ལས་དྲག་པོ་འཁོར་ལོ་ཆེས། །ཀླ་ཀློ་ལྟ་བ་མཚན་མོའི་ཕྲ་མེན་མ། །དུམ་བུར་བཅད་པའི་དམར་འོད་ཆགས་པ་ཡི། །སྐྱ་རེངས་སྣང་བ་དེ་ཡང་ཤིན་ཏུ་རིང༌། །རྨོངས་པ་མིན་པའི་སྲིན་མོ་ཆགས་སྡང་གནམ་ས་ལྟ་བུར་གདངས་པའི་ཁ། །སྐྱེ་རྒ་ན་འཆི་མཆེ་བའི་བྲག་རི་སྡུག་བསྔལ་ཁྲག་གི་ཀླུང་འབབ་པར། །ཇི་སྲིད་ལས་ཀྱི་རོ་ནུས་མ་ཟད་དེ་སྲིད་མྱོང་ཞིང་ལྡད་བྱེད་དེ། །རང་སེམས་མི་དགེའི་རྩ་བ་ལས་ཐོན་འཁོར་བའི་འཕྲུལ་འཁོར་སུ་ཡིས་ཤེས། །ཀྭ་ཡེ་སྤྱང་གྲུང་འཛོམ་པའི་སྙིང་སྟོབས་ཅན། །བླང་དོར་ཤེས་ཤིང་སྤྱོད་པ་འགའ་མཆིས་ན། །དོན་མེད་གཡེང་བའི་སྤྲོས་པ་ཀུན་བསྙལ་ཏེ། །འདི་ལས་འབྱུང་ཚུལ་ཁོ་ན་བསམ་པར་རིགས། །དང་པོ་གནོད་པའི་ཕུལ་སྟེར་དགྲ་དེ་གང༌། །དེ་ཡིས་བརྫི་བ་མེད་པའི་གནས་དེ་གང༌། །དེར་ནི་གེགས་མེད་བགྲོད་པའི་ལམ་དེ་གང༌། །དེ་ཉིད་གསལ་བར་བྱེད་པའི་ཐབས་དེ་གང༌། །དེ་དེ་ཚུལ་བཞིན་རབ་བསམ་ན། །སྐྱོབ་པ་གཞན་དུ་མི་ཚོལ་ཏེ། །རང་དང་ཉེ་བར་གནས་པ་ཡི། །ཐབས་མཁས་འཕྲུལ་ཞིག་མཆིས་སོ་སྙམ། །བཤེས་གཉེན་དམ་པའི་མན་ངག་རྣོ་བའི་ལྕགས། །རང་སེམས་རྡོ་ཡི་ཁམས་དང་བརྡར་བ་ཡིས། །སྔོན་གོམས་ས་བོན་སྨིན་པའི་མེ་སྟག་གིས། །དང་པོ་ཐོས་པའི་སྒྲོན་མེ་སྦར་བར་མཛོད། །རབ་གསལ་ཐོས་པའི་སྒྲོན་མ་ཡལ་གྱུར་ན། །ཀུན་རྨོངས་མུན་པ་ལྷག་པར་འཐིབ་འགྱུར་བས། །ཡང་ཡང་སེམས་པའི་ཤེལ་གྱི་ཁང་བུ་རུ། །བཅུག་སྟེ་མི་ཉམས་སྣང་བའི་དགའ་སྟོན་མཛོད། །སྣ་ཚོགས་ཐེག་པའི་ལམ་སྲང་བརྒྱ་མཐོང་ཡང༌། །མ་ནོར་ལམ་བཟང་མཐར་ཐུག་རྙེད་དཀའ་བས། །ལམ་མཁན་མཚུངས་བྲལ་བཤེས་གཉེན་དམ་པ་ཞིག །བཙལ་ནས་མཉེས་པ་གསུམ་གྱིས་བསྟེན་པར་བྱོས། །ལོངས་སུ་སྤྱད་པས་མི་ཟད་ལམ་གྱི་རྒྱགས། །ཉེས་སྤྱོད་རྡུལ་དང་མ་འདྲེས་སྦྱིན་པའི་ཕྱེ། །དམན་མཆོག་གཏོང་བའི་ཡུལ་གྱི་སྒྱེ་འུ་ཆུང༌། །ཡོངས་སུ་བཀང་བའི་ཉེར་བསྡོགས་འགྲུབ་པར་གྱིས། །སྒོ་གསུམ་ཉེས་སྤྱོད་ཚ་གྲང་རེག་པ་ཀུན། །སྲུང་བྱེད་ཚུལ་ཁྲིམས་རྣམ་པར་དག་པའི་གོས། །བག་ཡོད་དྲན་དང་ཤེས་བཞིན་སྒྲོག་ཟུང་ཅན། །ཡ་རབས་དམ་པའི་ལུགས་བཞིན་ལེགས་པར་བགོས། །ཁྱད་པར་སྙིགས་མའི་སྐྱེ་བོ་མི་བསྲུན་པའི། །དུག་གི་ཚེར་མ་དོག་པོའི་ལམ་འཕྲང་དུ། །འདུས་པའི་གནོད་པ་ཅིག་ཅར་སེལ་བའི་ཐབས། །སྲ་མཁྲེགས་བཟོད་པའི་མཆིལ་ལྷམ་བགོ་བར་རིགས། །ལེགས་བྱས་འདུན་པ་ལྷོད་པར་མི་འགྱུར་ཞིང༌། །ཡོན་ཏན་གོས་བཟང་ནམ་ཡང་མི་གཏོང་བར། །དྲན་འཛིན་སྙིང་སྟོབས་ཤུགས་ཀྱིས་བསྡམས་པ་ཡི། །རླབས་ཆེན་བརྩོན་པའི་སྐ་རགས་འཆིང་བར་མཛོད། །གར་བཙུགས་དམིགས་པའི་རྟེན་ལས་མི་གཡོ་ཞིང༌། །དྲང་ལ་ལྡེམ་པའི་ངང་ཚུལ་ཏིང་ངེ་འཛིན། །སྲིད་ལམ་དུབ་ལ་ངལ་གསོའི་བདེ་སྟེར་བ། །ཉེར་ཞིའི་བསམ་གཏན་འཁར་བ་ལག་ཏུ་ཆོངས། །སྲིད་ཞིའི་གྲོང་དང་དགོན་པའི་སོ་མཚམས་ན། །ཞི་བའི་མགྲོན་ལ་རྒོལ་བའི་གདུག་པ་ཅན། །བདག་ཏུ་འཛིན་པའི་ཆོམ་རྐུན་མང་མཆིས་པས། །གནས་ལུགས་རྟོགས་པའི་ཤེས་རབ་མཚོན་རྣོན་བསྲེལ། །དེ་ལྟར་ཐར་བའི་གྲོང་མཆོག་ཏུ། །འཇུག་པའི་མཐུན་རྐྱེན་འཛོམས་པ་ན། །ཕྱི་བཤོལ་དབང་དུ་མ་བཏང་བར། །མྱུར་བ་མྱུར་བར་ལམ་དུ་ཆོས། །འདི་སྣང་ཐལ་བས་གཡོགས་པའི་མེ་འོབས་དང༌། །རང་དོན་ཡིད་བྱེད་ཕུབ་མའི་ཆུ་དོང་སོགས། །ལམ་གྱི་གོལ་ས་མཐའ་དག་རིང་སྤངས་ཏེ། །བྱང་ཆུབ་གཞུང་ལམ་དྲང་པོར་འཇུག་འཚལ་ལོ། །ཕ་རོལ་ཕྱིན་དཀའི་ལམ་རིང་བགྲོད་པ་ན། །སྐྱོ་ངལ་སྐོམ་པའི་གདུང་བ་སེལ་བའི་ཕྱིར། །དད་མོས་བྱམས་དང་སྙིང་རྗེའི་ཆུ་རྒྱུན་གྱིས། །གང་བའི་བུམ་བཟང་མཆན་ཁུང་གཡོན་དུ་ཆུགས། །ཟབ་ཅིང་རྒྱ་ཆེ་བྱང་ཆུབ་སྤྱོད་པའི་ཐང༌། །གྲངས་མེད་བསྐལ་པར་ཕ་མཐའ་མི་མངོན་པས། །བློ་ཆུང་བྱིས་པའི་བྱིན་པ་འདར་བྱེད་ཀྱང༌། །སྐལ་བཟང་རི་སྐྱེས་བག་ཡངས་རྩེད་འཇོས་རོལ། །དེ་ན་རིན་ཆེན་སེམས་མཆོག་ཅང་ཤེས་རྟ། །རྣམ་དག་སྨོན་ལམ་ནོར་བུའི་སྒ་སྲབ་ཅན། །བསྡུ་བཞིའི་གོམ་འགྲོས་ལམ་ལམ་བགྲོད་པ་ཞིག །མཆིས་ཏེ་ཟིན་ན་བདེ་ནས་བདེ་བར་འགྲོ། །དྲན་པ་ཉེར་གཞག་ལྗོན་པའི་ཕྲེང་ལྡན་ཡང་དག་སྲུང་བའི་འོབས་ཀྱིས་བསྐོར། །རྫུ་འཕྲུལ་རྐང་བའི་རྟ་བབ་དང་ལྡན་དབང་སྟོབས་རྩིག་པ་མངོན་པར་མཐོ། །རྣམ་པར་ཐར་པའི་སྒོ་ཆེན་བཞི་ལྡན་བྱང་ཆུབ་ཡན་ལག་དཔལ་འབྱོར་རྒྱས། །འཕགས་པའི་ལམ་ཡངས་ཡན་ལག་བརྒྱད་ལྡན་ཐེག་མཆོག་ཆོས་ཀྱི་ཕོ་བྲང་ཆེ། །འགྲིབ་མེད་ཐབས་ཤེས་ནོར་བུའི་རང་འོད་གསལ། །སྡོམ་བཞིའི་ཆོས་ཀྱི་དྲིལ་ཆེན་གདངས་སྙན་འཁྲོལ། །བདེ་སྟོང་ཏིང་འཛིན་བྱེ་བའི་དྲི་བསུང་འཐུལ། །མངོན་ཤེས་ནོར་བུར་དོ་ཤལ་དྲ་བས་འབྲེལ། །བརྒྱ་ཕྲག་བཅུ་གཉིས་ལ་སོགས་ཡོན་ཏན་གྱི། །འབྱོར་པས་དགྱེས་དགུར་རྩེན་པའི་རྒྱལ་སྲས་རྣམས། །རྒྱལ་བའི་བཀའ་སྒྲུབ་སྦྱོར་བ་རྣམ་བཞི་ཡིས། །ཐེག་གསུམ་སྐྱེ་དགུའི་རེ་བ་ཚིམ་པར་མཛད། །ས་བཅུའི་ཁོར་ཡུག་གསེར་རིའི་ཕྲེང་བ་ལྟར། །རིམ་གྱིས་མཐོ་བས་ཡོངས་བསྐོར་ལྟེ་བ་ན། །འཕགས་བཞིའི་སྤངས་རྟོགས་རིན་ཆེན་ཁམས་བཞི་ལས། །གྲུབ་པའི་ཕོ་བྲང་ལྷུན་པོའི་མཆེད་ཟླ་ཡོད། །འགྲོ་ལྡིང་སྔགས་ཀྱི་སྦྱོར་བས་ས་བཅུའི་ཁྱོན། །ཡུན་རིང་བསྐོར་བའི་ངལ་བ་མེད་པར་ཡང༌། །ཕོ་བྲང་མཆོག་དེར་བདེ་བླག་འཇུག་ནུས་པས། །རྣམ་དཔྱོད་ལྡན་རྣམས་སྙིང་གི་དཔལ་བེའུར་ཆོངས། །དེ་ན་མི་འཇིགས་བཞི་ལྡན་ནོར་བུའི་ཁྲིར། །གསང་གསུམ་མི་ཟད་རྒྱན་གྱི་ལོངས་སྤྱོད་ལ། །དབང་འབྱོར་སྟོབས་བཅུའི་ལང་ཚོ་རྒྱས་པ་ཡི། །བཅོམ་ལྡན་རྒྱལ་དབང་འཁོར་ལོས་སྒྱུར་བ་བཞུགས། །དེ་ཡང་དང་པོའི་དུས་ནས་རང་ཉིད་ལ། །ལམ་སྟོན་དེ་ཉིད་ཡིན་པར་ངོ་ཤེས་ན། །དེས་ཀྱང་ཡེ་ཤེས་ལྔ་ཡི་ཐོད་བཅིངས་ཏེ། །རྒྱ་ཆེན་ཆོས་ཀྱི་རྒྱལ་སྲིད་གཏོད་པར་འགྱུར། །དེ་ནས་འཕྲིན་ལས་ཤིང་རྟ་ཉེར་བདུན་གྱིས། །སྲིད་པའི་བཙོན་རར་ལུས་པའི་གཉེན་བཤེས་ཀུན། །རང་གནས་འཆི་མེད་རྒྱལ་ཁབ་དེར་བླངས་ནས། །ཟག་མེད་དགའ་བདེའི་དཔལ་གྱིས་ཚིམ་པར་གྱིས། །དེ་ལྟར་འཁོར་བ་མཚན་མོའི་སྨག་རུམ་ནས། །རྣམ་གྲོལ་ཐར་པའི་གླིང་དུ་བགྲོད་པའི་ཚུལ། །དཔེ་ཡི་རིམ་པ་གཅིག་གིས་བསྟན་པ་ཡི། །ལེགས་བྱས་རྟེན་འབྲེལ་དུས་སུ་སྨིན་པ་ལས། །ཐོས་བསམ་འཆར་ཀའི་འོད་དམར་གདངས་པའི་ཁ། །ཉམས་མྱོང་ཉིན་བྱེད་གཡོ་བའི་རོ་འཛིན་གྱིས། །ཀུན་རྨོངས་མུན་པའི་དྲི་མ་བལྡག་པ་ཡིས། །སྒྲིབ་བྲལ་ཆོས་སྐུའི་མཁའ་དབྱིངས་ཁྱབ་གྱུར་ཅིག །
                  ཅེས་ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཕྲུལ་འཁོར་སེལ་བའི་ཆོ་ག་ཞེས་བྱ་བ་འདི་ནི། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་དགོན་ལུང་བྱམས་པ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པ་དཀོན་མཆོག་བསྟན་པའོ། །

                                                                                                          རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།