ཞལ་གདམས་གྲུབ་པའི་དགོངས་རྒྱན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:32:08     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

156724725144004072.jpg

                ༄༅། །རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་པ་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

             ངེས་འབྱུང་མཚོན་གྱིས་སྣང་ཤས་དྲ་བ་བཅད། །གནས་ལུགས་ལྟ་བས་སྲིད་པའི་བཙོན་ར་བཤིགས། །རིན་ཆེན་སེམས་ཀྱིས་འགྲོ་བའི་མགོན་གྱུར་པ། །གྲུབ་པའི་དཔའ་བོ་བཞད་པའི་རྡོ་རྗེ་རྒྱལ། །འདྲེན་པ་གང་གིས་སྩལ་བ་ཡི། །མན་ངག་སྟོང་ཐུན་རེ་རེས་ཀྱང༌། །སྲིད་པའི་ནད་བརྒྱ་སེལ་བ་འདི། །ཅུང་ཟད་འགྲེལ་ལ་སྤྲོ་བ་སྐྱེས། །
དེ་ཡང་བྱང་ཕྱོགས་ཁ་བ་རི་པའི་ལྗོངས་འདིར་གྲུབ་པའི་སྐྱེས་མཆོག་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུར་གྱུར་པ། ཚེ་གཅིག་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱིས་རང་གི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལ་ཞལ་ཆེམས་ཀྱི་ཚུལ་དུ་གནང་བ་ཉམས་ལེན་གྱི་གནད་མ་ཚང་བ་མེད་པའི་གདམས་པའི་ཐ་མ་འདིའི་དོན་འཆད་པ་ལ། བུ་སྙིང་དང་འདྲ་བའི་རས་ཆུང་བ། །ཁ་ཆེམས་གདམས་ངག་གླུ་འདི་ཉོན། །ཞེས་པ་བཤད་པའི་སྔོན་འགྲོ་ཡིན་ཞིང་གོ་སླའོ། །གཞུང་དངོས་ཀྱི་དོན་ལ་གཉིས། སྲིད་པའི་སྣང་ཤས་ལྡོག་པའི་ཚུལ་དང༌། དེ་ཇི་ལྟར་བཟློག་པའི་ཐབས་བསྟན་པའོ། །དང་པོ་ལ་སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་གཉིས། དང་པོ་ནི། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྒྱུ་ལུས་ཀྱི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབས་བསྒྲུབས་ནས། །འཇིག་རྟེན་བྱ་བ་ཐོངས་དུས་མེད། །འཇིག་རྟེན་བྱ་བ་ཐོངས་ཤིག་རས་ཆུང་བ། །ཞེས་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་གྱིས་བསྡུས་པའི་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར་ཐོག་མ་མེད་པ་ནས་འཁྱམས་ཤིང་དེ་ཡང་བྱེད་པ་པོ་གཞན་ཡོད་པ་མ་ཡིན་པར། རང་སེམས་ཉོན་མོངས་པ་མ་རིག་པ་དང་སྲེད་སོགས་ཀྱི་དབང་དུ་གྱུར་ཏེ། ཉེ་བར་བླངས་པའི་སྒྱུ་ལུས་ཀྱི་ཕུང་པོ་ལ་ངའོ་སྙམ་དུ་ཞེན་པས་བདག་ཏུ་བཟུང་ཞིང༌། དེའི་སྟེང་ནས་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་སོགས་ཉེས་པ་མཐའ་དག་སྐྱེད་པའི་གཞིར་གྱུར་པའི་སྡིག་པོ་ཆེ་དེ་ཉིད་འཚོ་སྐྱོང་གི་དོན་དུ་ལྟོ་གོས་སོགས་ཀྱིས་མཚོན་པའི་ཟག་བཅས་ཀྱི་བདེ་བ་སྣ་ཚོགས་པ་ཞིག་ཞེན་པ་དྲག་པོའི་སྒོ་ནས་བསྒྲུབས་བསྒྲུབས་ཀྱང༌། བླང་དོར་གྱི་གནས་ལ་རྨོངས་པའི་དབང་གིས་ཐབས་ཕྱིན་ཅི་ལོག་ཏུ་གོལ་ཏེ། བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལས། རང་གི་འདོད་པ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པ་ཞིག་ནམ་ཡང་མི་འབྱུང་བར་འཇིག་རྟེན་གྱི་བྱ་བ་བློས་ཐོངས་དུས་མེད་པ་འདི་བྱུང་བ་ཡིན། དེས་ན་ངེས་པར་གཏན་གྱི་བདེ་བ་ཞིག་འདོད་ན། ཁམས་གསུམ་འཁོར་བར་གཏོགས་པའི་འཇིག་རྟེན་གྱི་བྱ་བ་མཐའ་དག་སོག་མའི་ཁྲེས་པོ་ཕོན་ཐག་ཆད་པ་བཞིན་གང་ལ་ཡང་ཞེན་པ་མེད་པར་བློས་ཐོངས་ཤིག །ཅེས་རས་ཆུང་རྡོ་རྗེ་གྲགས་པ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྗེས་སུ་གདམས་པ་ཡིན་ནོ། །
             གཉིས་པ་སྣང་ཤས་ལྡོག་ཚུལ་སོ་སོར་བཤད་པ་ལ། ཚེ་འདིའི་དབང་དུ་བྱས་པ། འཆི་ཁའི་དབང་དུ་བྱས་པ། བར་དོའི་དབང་དུ་བྱས་པ། འཇིག་རྟེན་ཕྱི་མའི་དབང་དུ་བྱས་པ་བཞི། དང་པོ་ནི། སྒྱུ་མ་ལུས་ཀྱི་གྲོང་ཁྱེར་ན། །རང་སེམས་དངོས་མེད་སྡིག་པོ་ཆེ། །ལུས་ཤ་ཁྲག་གི་རྗེས་སུ་འབྲངས་འབྲངས་ནས། །ཆོས་ཉིད་དོན་ལ་རྟོགས་དུས་མེད། །སེམས་ཉིད་བདར་ཤ་ཆོད་ཅིག་རས་ཆུང་བ། །ཞེས་གསུངས། དེ་ཡང་སྒྱུ་མ་ལུས་ཀྱི་གྲོང་ཁྱེར་ཚོང་འདུས་ཀྱི་མགྲོན་ཁང་ལྟ་བུ་འདིར་རང་སེམས་ཀྱི་ཁྱེའུ་གར་འགྲོ་གཏོལ་མེད་ཅིང༌། ལས་ཀྱི་རླུང་གིས་བདས་ཏེ་ཡུད་ཙམ་ཞིག་གནས་པའི་སྐབས་འདིར། སེམས་རང་ཉིད་དབྱིབས་གཟུགས་སོགས་ཀྱི་དངོས་པོར་མེད་པས། ཚ་གྲང་བཀྲེས་སྐོམ་སོགས་ཀྱིས་ཕན་གནོད་གང་ཡང་མི་འབྱུང་ཡང༌། གནས་སྐབས་ཀྱི་ལུས་གཡར་པོ་ལྟ་བུ་ལ་གཏན་དུ་བར་འཁྲུལ་བའི་སྡིག་པོ་ཆེ་འདིས། ལུས་ཤ་ཁྲག་གི་ཕུང་པོ་མི་རིང་བར་འདོར་དགོས་པ་འདི་ཉིད་ལ་ཞེན་པས་རྗེས་སུ་འབྲངས་འབྲངས་ནས། དེའི་འཚོ་སྐྱོང་གིས་གཡེང་སྟེ། སེམས་རང་གི་ཆོས་ཉིད་གཉུག་མའི་དོན་ལ་རྟོགས་དུས་ནམ་ཡང་མེད་པ་ཞིག་འབྱུང་བས། ཕྱི་ལུས་ཀྱི་གད་དར་ལ་མི་གཡེང་བར། ནང་སེམས་ཀྱི་བདར་ཤ་ཆོད་ཅིག །ཅེས་པའོ། །
            གཉིས་པ་འཆི་བའི་དབང་དུ་བྱས་པ་ནི། བེམ་རིག་གཉིས་ཀྱི་སོ་མཚམས་ན། །རང་བྱུང་ཡེ་ཤེས་སྡིག་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམས་འགྲིམས་ནས། །སྐྱེ་མེད་ཀྱི་དོན་ལ་རྟོགས་དུས་མེད། །སྐྱེ་མེད་བཙན་ས་ཟུངས་ཤིག་རས་ཆུང་བ། །ཞེས་གསུངས། དེ་ཡང་ནམ་ཞིག་ལས་ཀྱི་འཕེན་པ་རྫོགས་ཏེ། བེམ་རིག་གཉིས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་འཆད་པར་ཉེ་བའི་སོ་མཚམས་འཆི་སྲིད་ཕྲ་མོའི་དུས་ན་རང་བྱུང་ཡེ་ཤེས་གཉུག་མ་འོད་གསལ་གྱི་སེམས་ཉིད་མངོན་དུ་གྱུར་ཀྱང༌། དེའི་ངོ་བོ་ངོས་མ་ཟིན་པར་སྲིད་པའི་བག་ཆགས་ཡང་ནས་ཡང་དུ་གོམས་པའི་སྡིག་པོ་ཆེ་དེ་ཉིད། སླར་ཡང་ཀུན་རྟོག་གཡོ་བའི་རླུང་གིས་བསྐུལ་ཏེ། གློ་བུར་གྱི་རྐྱེན་ཁ་ཕྱིན་ཅི་ལོག་གི་འཁྲུལ་སྣང་སྣ་ཚོགས་པ་ཞིག་འགྲིམས་འགྲིམས་ནས། སྲིད་པ་གཞན་དུ་མཚམས་སྦྱོར་བ་མ་གཏོགས་སྐྱེ་མེད་འོད་གསལ་གྱི་དོན་ལ་རྟོགས་དུས་མེད་པས། དེས་ན་སྐྱེ་མེད་འོད་གསལ་ཆོས་ཀྱི་སྐུ་དེ་ཉིད་ལ་ཆོས་སྐུར་ངོ་ཤེས་པའི་སྒོ་ནས། མ་དག་པའི་སྲིད་པ་གཞན་དུ་མཚམས་མི་སྦྱོར་བའི་བཙན་ས་ཟུངས་ཤིག །ཅེས་པའོ། །
             གསུམ་པ་བར་དོའི་དབང་དུ་བྱས་པ་ནི། ཚེ་འདི་ཕྱི་གཉིས་ཀྱི་སོ་མཚམས་ན། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །གནས་ལུགས་དོན་ལ་རྟོགས་དུས་མེད། །གནས་ལུགས་གཏན་ལ་ཕོབ་ཅིག་རས་ཆུང་བ། །ཞེས་གསུངས། དེ་ཡང་ཚེ་འདིའི་སྣང་བ་འགགས་ཤིང༌། ཕྱི་མ་མ་རྙེད་པས། དེ་གཉིས་ཀྱི་སོ་མཚམས་ན་བར་དོའི་རྣམ་པར་ཤེས་པ་འཁྲུལ་སྣང་སྣ་ཚོགས་ཀྱི་རྗེས་སུ་འབྲངས་པའི་སྡིག་པོ་ཆེ། རགས་པའི་ལུས་མེད་ཅིང་ཕྲ་བ་རླུང་གི་རང་བཞིན་གྱི་ལུས་དང་འགྲོགས་འགྲོགས་ནས། སྐྱེ་བའི་སྲིད་པ་ཚོལ་བའི་ཕྱིར་ཀུན་ཏུ་འཁྱམས་ཏེ་གནས་ལུགས་ཀྱི་དོན་ལ་རྟོགས་དུས་མེད་པས། དེས་ན་བར་དོ་ལ་བར་དོའི་ངོ་ཤེས་པར་བྱས་ཏེ། འཁྲུལ་སྣང་ཟ་ཟིའི་རྗེས་སུ་མི་འབྲང་བར་གང་སྣང་ཐམས་ཅད་བར་དོ་དང་རྨི་ལམ་གྱི་སྣང་བ་ལྟ་བུར་བལྟས་ནས་གནས་ལུགས་ཀྱི་དོན་གཏན་ལ་ཕོབ་ཅིག །ཅེས་པའོ། །
            བཞི་པ་འཇིག་རྟེན་ཕྱི་མའི་དབང་དུ་བྱས་པ་ནི། རིགས་དྲུག་འཁྲུལ་པའི་གྲོང་ཁྱེར་ན། །ལས་ངན་སྡིག་སྒྲིབ་ཚན་པོ་ཆེ། །ཆགས་སྡང་རྗེས་སུ་འབྲངས་འབྲངས་ནས། །མཉམ་པ་ཉིད་ལ་རྟོགས་དུས་མེད། །ཆགས་སྡང་སྤོངས་ཤིག་རས་ཆུང་བ། །ཞེས་གསུངས། དེ་ཡང་རིགས་དྲུག་གི་སྐྱེ་གནས་ཚ་གྲང་བཀྲེས་སྐོམ་གཅིག་ལ་གཅིག་ཟ། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མཐའ་ཡས་པ་བརྒྱུད་མ་ནས་བརྒྱུད་མར་འབབ་པ་འཁྲུལ་པའི་གྲོང་ཁྱེར་གཤིན་རྗེའི་བཙོན་ར་ལྟ་བུར་ཤིན་ཏུ་ཉམ་ཐག་པ་ཡང༌། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར། རང་གི་སྐྱེ་བ་སྔ་མ་རྣམས་སུ་ལས་ངན་སྡིག་སྒྲིབ་ཚན་པོ་ཆེ་བསགས་པ་དེའི་རང་མདངས་ཁོ་ན་ཡིན་ཞིང༌། དེ་ཡང་རྩ་བ་ཆགས་སྡང་གི་རྟོག་པ་ངན་པའི་རྗེས་སུ་འབྲངས་འབྲངས་པ་དེ་ཉིད་ཀྱིས་ལན་པ་ཡིན་པས། སླན་ཆད་ཀྱང་སྲིད་པའི་སྡུག་བསྔལ་དྲུངས་འབྱིན་པ་ལ། རང་གཞན་འཁོར་འདས་མཐའ་དག་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དུ་རྟོགས་དགོས་ལ། ཆགས་སྡང་གི་རྟོག་པ་ཁ་ཡན་དུ་བཏང་ན་མཉམ་པ་ཉིད་ཀྱི་དོན་དེ་རྟོགས་དུས་མེད་པས་ཆགས་སྡང་སྤོངས་ཤིག །ཅེས་པའོ། །
གཉིས་པ་སྣང་ཤས་བཟློག་པའི་ཐབས་བསྟན་པ་ལ། མཚན་གཞི་ངོས་བཟུང་བ་དང༌། དེ་ཇི་ལྟར་ལག་ཏུ་ལེན་པའི་ཚུལ། དོན་བསྡུས་ཏེ་ཉམས་སུ་ལེན་པར་གདམས་པ་གསུམ། དང་པོ་ནི། མི་མངོན་ནམ་མཁའི་དབྱིངས་ཤིག་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིག་རས་ཆུང་བ། །ཞེས་གསུངས། དེ་ཡང་ད་ལྟའི་གདུལ་བྱ་ཕལ་བ་རྣམས་ཀྱིས་མཐོང་བའི་ཡུལ་དུ་མི་མངོན་པར། ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས། དགོངས་པ་མཐར་ཐུག་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་གནད་ཁོ་ནར་འབབ་ཀྱང༌། ཞལ་ནས་རྫུན་པ་སྟེ་དྲང་དོན་གྱི་མདོ་སྡེ་སྣ་ཚོགས་སྟོན་མཁན་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་སྐལ་བའི་དབང་གིས་གང་ཟག་གི་བདག་ཡོད་པ་སོགས་དྲང་དོན་གྱི་རྣམ་གཞག་དངོས་ཟིན་གྱི་དོན་བརྗོད་པ་ལྟར་དུ་མ་གྲུབ་པའི་བསླུ་བྲིད་ལྟ་བུ་མང་པོ་ཞིག་གསུངས་གསུངས་པ་དེ་དག་ཀྱང༌། དགོངས་གཞི་དང་དགོས་པའི་དབང་གིས་ཡིན་ཚུལ་མ་ཤེས་པར་གསུངས་ཚད་སྒྲ་ཇི་བཞིན་དུ་བཟུང་ན་ངེས་པའི་དོན་ལ་རྟོགས་དུས་མེད་པས། ཤིང་རྟ་ཆེན་པོ་རྣམས་དང༌། གྲུབ་པའི་དབང་ཕྱུག་གོང་མ་རྣམས་ཀྱིས་རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲངས་ཏེ། ཐུབ་པའི་དབང་པོའི་དགོངས་པ་མཐར་ཐུག་ཏུ་མ་སོན་པའི་ཐ་སྙད་དམ། དྲང་དོན་གྱི་བཤད་ཚུལ་རྣམས་ལ་མཆོག་ཏུ་ཞེན་པ་སྤོང་བར་གྱིས་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ་སྒོམས་ཤིག །ཅེས་པའོ། །
            གཉིས་པ་དེ་ཉིད་ཇི་ལྟར་ལག་ཏུ་ལེན་པའི་ཚུལ་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུགས། །ཞེས་གསུངས། དེ་ཡང་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དོན་བསྒོམ་པ་ན། རྒྱུ་ཚོགས་གཞན་རྣམས་མ་ཚང་བར་ལྟ་བ་གཅིག་པུ་བསྐྱངས་པས་གར་ཡང་མི་ཕྱིན་པས། རྒྱུ་ཚོགས་བསགས་སྒྲིབ་སྦྱོང་དང༌། དངོས་གཞིའི་ཚེ་ན་ཐབས་ཤེས་ཁྱད་པར་ཅན་ཕན་ཚུན་གཅིག་གིས་གཅིག་རྩིས་ཟིན་པའི་ཚོགས་གཉིས་ཡ་མ་བྲལ་བ། ཁྱད་པར་དུ་གདུལ་བྱ་བློ་མཆོག་ཏུ་གྱུར་པ་རྣམས་ཟབ་མོའི་ལྟ་བ་དེ་ཉིད་དང༌། གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པར་བྱས་ཏེ་ཉམས་སུ་ལེན་ཤེས་པ་དགོས་སོ། །ཚོགས་བསགས་པའི་ཞིང་མང་དུ་ཡོད་ཀྱང་གོང་ན་མེད་པ་ནི་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པས། དེ་ལས་ལོགས་སུ་སྐྱབས་གཞན་མི་འཚོལ་བར། དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་གསུམ་ག་གཅིག་ཏུ་དྲིལ་བའི་ངོ་བོར་བལྟས་ཏེ་མཆོད་ཅིང་གསོལ་བ་འདེབས་པ་ནི། ཚོགས་གསོག་པ་དང་བྱིན་རླབས་འཇུག་པའི་སྒོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དངོས་གཞི་ལྟ་བ་སྐྱོང་བའི་ཚེ་ན་ཡང་གནས་ལུགས་ཀྱི་དོན་ལ་དྲི་མ་མེད་པའི་རིགས་པས་དཔྱོད་པའི་ཡང་དག་པའི་ལྟ་བ་དང༌། ཞི་ལྷག་ཟུང་དུ་འཇུག་པའི་སྒོམ་པ་གཉིས་ཚ་གྲང་ལྟ་བུར་མ་སོང་བར། ལྟ་ཐོག་ནས་སྒོམ་ཚོལ་ཞིང༌། སྒོམ་ཐོག་ནས་ལྟ་བ་ཚོལ་བ་དང༌། ཁྱད་པར་དུ་ལྟ་བའི་གོ་བ་དེ་ཉིད་ཀྱིས་ལས་འབྲས་བཅིངས་གྲོལ་གྱི་རྣམ་གཞག་སོགས་ལ་ངེས་པ་ཇེ་བརྟན་དུ་འགྲོ་བས། ལྟ་སྒོམ་སྤྱོད་པ་གསུམ་གའི་གཅིག་ཉམས་སུ་བླངས་པའི་ཁོངས་སུ་གསུམ་ག་ཚང་བར་འདུ་བ་དེ་ལྟ་བུའི་ཚུལ་གྱིས་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས་ཤིག །ཅེས་པ་ཡིན་ནོ། །
            ཁྱད་པར་དུ་གསང་སྔགས་ཀྱི་ཐབས་མཁས་དང་འབྲེལ་བའི་ཚུལ་ནི། ལྟ་བ་སྐྱོང་བ་ན་མདོ་ལུགས་ཀྱི་སྐྱོང་ཚུལ་དེ་ཙམ་མ་ཡིན་པར། མ་དག་པའི་སྣོད་བཅུད་ཀྱི་སྣང་བ་མཐའ་དག་བསྡུས་ཏེ། འོད་གསལ་གཉུག་མའི་སེམས་མངོན་དུ་བྱས་པ་དེའི་སྟེང་ནས་ལྟ་བ་བསྒོམས་ཏེ་འཆི་བ་ཆོས་སྐུའི་ལམ་འཁྱེར་དང༌། དེའི་ངང་ནས་སྔོན་གྱི་སྨོན་ལམ་གྱི་མཐུས་བར་དོ་ལོངས་སྐུ་དང་སྐྱེ་བ་སྤྲུལ་སྐུར་བཞེངས་པ་སོགས་སྐུ་གསུམ་ལམ་འཁྱེར་བསྐྱེད་རིམ་པའི་མོས་ངོ་ཙམ་དང༌། རྫོགས་རིམ་གྱི་ཚེ་དཔེ་དང་དོན་གྱི་འོད་གསལ་ལས་དག་མ་དག་གི་སྒྱུ་མའི་སྐུར་དངོས་སུ་བཞེངས་པ་དང༌། མཐར་ཐུག་གི་ཚེ་ན་དག་པ་གཉིས་ལྡན་གྱི་འོད་གསལ་ཆོས་སྐུའི་དབྱིངས་ལས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་སྤྲུལ་སྐུ་བྱེ་བ་ཐེར་འབུམ་འགྱེད་པ་འབྱུང་ལ། མ་འོངས་པ་ན་འབྱུང་འགྱུར་དེ་ཐམས་ཅད་འབྲས་བུ་ལམ་གྱི་ཚུལ་དུ་ཚེ་འདི་རང་ནས་སད་རྨི་ཀུན་དང་སྦྱར་ཏེ་སྒོམ་ཚུལ་བསྲེ་བ་སྐོར་དགུའི་མན་ངག་བཞིན་ཡིན་པས། ཚེ་འདི་དང་ཕྱི་མ་བར་དོ་གསུམ་གཅིག་ཏུ་དྲིལ་ཏེ་གཞིའི་སྐུ་གསུམ་ལམ་གྱི་སྐུ་གསུམ་དུ་སྒྱུར་བའི་དམིགས་པ་སྐྱོང་ཚུལ་གྱི་གནད་ཟབ་མོ་འདི་ལ་ད་ལྟ་ནས་བློ་ལེགས་པར་འདྲིས་སུ་ཆུགས་ཤིག །ཅེས་པའོ། །
            གསུམ་པ་མཇུག་བསྡུས་ཏེ་ཉམས་སུ་ལེན་པར་གདམས་པ་ནི། དེ་གདམས་ངག་ཀུན་གྱི་ཐ་མ་ཡིན། །ཁ་ཆེམས་ཀུན་གྱི་མཇུག་མ་ཡིན། །དོན་དེ་ལས་མེད་དོ་རས་ཆུང་བ། །དེ་ཉམས་སུ་ལོངས་ཤིག་ཕ་ཡི་བུ། །ཞེས་གསུངས། དེ་ཡང་འདིར་སྨོས་པའི་ཞལ་གདམས་ཀྱི་རིམ་པ་དེ་དག་ནི། རྗེ་བཙུན་ཉིད་ཀྱིས་སློབ་མ་སྣོད་ལྡན་མང་པོ་ལ་སྐུ་ཚེ་ཧྲིལ་པོར་ཟབ་རྒྱས་ཀྱི་གདམས་ངག་མང་དུ་སྩལ་བ་ཀུན་གྱི་ཐ་མ་ཡིན་ལ། སྐུ་མྱ་ངན་ལས་འདའ་ཁར་བུ་ཆེན་སོ་སོ་ལ་འཇིག་རྟེན་ལུགས་ཀྱི་ཁ་ཆེམས་ལྟ་བུ་མང་དུ་སྩལ་བ་ཀུན་གྱི་ཡང་མཇུག་མ་ཡིན་ཞིང༌། མདོ་རྒྱུད་ཀྱིས་བཤད་པའི་རྣམ་གྲངས་མང་ན་ཡང༌། དོན་གྱི་གནད་འབབ་ས་དེ་ལས་ལྷག་པ་ཕ་རྒན་མི་ལ་རས་པ་བདག་ལ་སྟོན་རྒྱུ་མེད་དོ། །བུ་རས་ཆུང་བ་ཁྱོད་ཀྱིས་ཀྱང་དེ་ཉམས་སུ་ལོངས་ལ་ཕ་རྗེས་བུ་ཡིས་ཟིན་པ་གྱིས་ཤིག་ཅེས་ཉེ་བའི་ཚིག་གིས་གདམས་པ་ཡིན་ནོ། །
            སྨྲས་པ། དོན་ཟབ་སྦྲང་རྩིའི་བཅུད་ལྡན་བ་ཀུ་ལ། །རྣམ་འགྲེལ་བདུད་རྩིའི་གཟེགས་མས་ཕྱེ་བ་འདི། །སྐལ་བཟང་ལྷ་བརྒྱའི་ཟུར་ཕུད་དང་འགྲོགས་ཏེ། །གྲུབ་པའི་དགའ་ཚལ་མཛེས་པའི་རྒྱན་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་རབ་རྒྱས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའོ།། །།

                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།