ཞལ་གདམས་ཀྱི་འགྲེལ་པ་སྙིང་པོའི་དོན་གསལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:27:00     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།     ཀློག་ཐེངས།  

22474205346583092.jpg

                 ༄༅། །གྲུབ་དབང་མཁས་གྲུབ་བསྟན་འཛིན་པའི་ཞལ་གདམས་ཀྱི་འགྲེལ་པ་ཉམས་ལེན་སྙིང་པོའི་དོན་གསལ་ཞེས་བྱ་བ་བཞུགས་སོ། །

                 ན་མོ་གུ་རུ་བྷྱཿ རྗེ་བཙུན་དམ་པ་མཁས་པ་དང་གྲུབ་པ་ཟུང་དུ་འཇུག་པའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་མཚན་དང་དོན་མཐུན་པའི་བདག་ཉིད་ཆེན་པོ་འདིས། ཆོས་ཀྱི་སྤྱན་དང་ལྡན་པ་སྤྲུལ་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་ལ་གདམས་པའི་ཐ་མ་ཞལ་ཆེམས་སུ་སྩལ་བ་ནི། དམན་པའི་ས་ཟུངས། ཧྲུལ་པོའི་གོས་གྱོན། ཟས་གོས་སྲོག་འཚོ་ཙམ་ལ་བརྟེན། རང་གི་འོག་ན་འགྲོ་བ་ཆུ་ལས་མེད་པ་གྱིས། ཡང་སོ་ཐར་འདི་བསྟན་པའི་རྩ་བ་ཡིན་པས་འདི་ལ་གཅེས་སྤྲས་ནན་ཏན་ཞིག་མཛོད། བྱང་ཆུབ་ཀྱི་སེམས་འདི་ཐུགས་དམ་གྱི་སྙིང་པོར་ཟུངས། སྔགས་ཀྱི་སྡོམ་པ་འདི་ཁེ་ཉེན་ཆེ་བས་བསྒྲིམ་པ་གལ་ཆེ། སྔ་སོར་བདེ་སྐབས་ང་རང་གཉིས་ཡང་ཡང་ཕྲད་ཚེ་གདམས་ངག་མཚང་ལ་རྒོལ་བ་མང་དུ་སྨྲས་ཡོད་པས་དུས་དང་དུས་སུ་དྲན་པར་མཛོད་མཛོད་ཅེས་པ་སྟེ། ཞལ་གདམས་འདི་ནི་ཤིན་ཏུ་སྐབས་དང་འབྱོར་ཅིང་དོན་ཆེ་བ་ཞིག་གོ །
                  དེའང་རང་ཅག་ཐར་པ་དོན་དུ་གཉེར་བར་ཁས་འཆེ་བ་ལ། ཐར་པའི་ཕྱོགས་སུ་བློ་འཁོར་བ་དགོས་ཏེ། དོན་དུ་གཉེར་བྱ་འཁོར་བས་བསྡུས་པ་ཁོ་ན་ལ་མངོན་དུ་བལྟས་ན་ཐར་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །འཁོར་བ་མཐའ་དག་མེ་འོབས་ལྟར་མཐོང་སྟེ། ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ལ་མ་ཆགས་པ་བྱ་བ་ནི། རྩྭ་རྩེའི་ཟིལ་བ་ལྟ་བུ་འདི་སྣང་གི་བདེ་འབྱོར་མནོག་ཆུང་འདི་ཙམ་ལ་ཞེན་པ་ལས་འདས་པ་བློ་གོང་མར་གྱུར་པ་ཞིག་གི་གཏམ་ཡིན་པས། རང་ཅག་ལྟ་བུ་དེ་ལ་མ་ཆགས་པ་ལྟ་ཅི། ཆགས་པའི་རྣམ་དབྱེའང་ཆེར་མི་འབྱུང་ངོ༌། །དེས་ན་སྦྲང་བུས་དྲི་དང༌། ཕྱེ་མ་ལེབ་ཀྱིས་གཟུགས་ལྟ་བུ་གང་ཞིག་གང་ལ་གནས་སྐབས་སུ་ཆགས་པ་དེ་ནས་བརྩམས་ཏེ་བཟློག་དགོས་པས། རང་ཅག་ལས་དང་པོ་བ་རྣམས་ཆོས་སྒྲུབ་པའི་ཐོག་མ་ཉིད་དུ་ཟས་གོས་གནས་མལ་ལ་ཞེན་པ་འདི་ཉིད་གཅོད་དགོས་ཏེ། དེའི་ཕྱིར་ཚུལ་འདི་སེམས་པ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་གསུངས་སོ། །
                དེ་ལྟར་འཐད་པ་གང་ལས་ཤེས་ཤེ་ན། བླང་དོར་གྱི་ཚུལ་ལ་ཚད་མའི་སྐྱེས་བུ་ཉག་ཅིག་པུར་གྱུར་པ་བཅོམ་ལྡན་འདས་ཉིད་ཡིན་ལ། དེས་རྗེས་སུ་བསྟན་པ་སྡེ་སྣོད་གསུམ་ལས་ཤེས་ཏེ། འདུལ་བའི་སྐབས་སུ་བསྙེན་པར་རྫོགས་ནས་བསླབ་པ་བརྗོད་པའི་ཐོག་མ་ཉིད་དུ། གཞི་དང་མདོ་རྩ་བར། གནས་རྣམས་བརྗོད་པར་བྱའོ་ཞེས་གོས་ཕྱག་དར་ཁྲོད་དང༌། ཟས་བསོད་སྙོམས་ཙམ་ལ་བརྟེན་པ་སོགས་ནི་བསླབ་པ་མི་ཉམས་ཤིང་འཕེལ་བའི་གཞི་དང་རྟེན་དུ་གྱུར་པས་ན་གནས་ཞེས་གསུངས་ཏེ། དེ་ལ་གནས་ན་ལེགས་པར་གསུང་བའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་བར་བཤད་དོ། །ཟས་གོས་དོན་དུ་གཉེར་བས་རིམ་པས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་དང༌། དེས་བསླབ་པ་ལྷོད་པར་འགྱུར་བའི་ཕྱིར། གོས་དང་སྨན་གྱི་བྱིན་རླབས་དང་རྣམ་བརྟག་གི་ཆོ་ག་ལ་སོགས་པ་ཐབས་དུ་མས་འགོག་པར་མཛད་དོ། །འདོད་པ་བསོད་སྙོམས་དང༌། ངལ་ཞིང་དུབ་པ་གཉིས་ཀའི་མཐའ་སྤངས་པའི་ཕྱིར་རྩོལ་བ་མེད་པར་རང་གི་ངང་གིས་བྱུང་བ་ལ་གོས་འབུམ་རི་བ་སོགས་གནང་ཡང༌། དྲེགས་པར་མི་འགྱུར་བའི་ཕྱིར་མི་རྟག་པ་དང་སྐྱོ་བའི་འདུ་ཤེས་ཁོ་ནས་སྤྱོད་པར་ལོངས་པ་གཞིར་གཏོགས་ཀྱི་ཚེ་བཤད་པ་བཞིན་ཡིན་པས་རྗེ་བླ་མའི་རྣམ་ཐར་ལས་ཀྱང་འབྱུང་བ་ལྟར་རོ། །སྨན་གྱི་གཞི་ལས་འབྱུང་བ་དང་འདྲ་བ་ལ་སོགས་པ་རྣམ་པ་བཅུས་སེམས་པར་གསུངས་པའང་གཙོ་བོར་སྲེད་པ་འགོག་པའི་ཕྱིར་ཡིན་ལ། དེའི་སྟོབས་ཀྱིས་རྒྱགས་པ་ལ་སོགས་པས་ཆོས་ཀྱི་ལམ་ལས་གཡེང་བར་འགྱུར་བ་སྡོམ་པའི་ཕྱིར་ཡང་ཡིན་ཏེ་བཤེས་པའི་སྤྲིངས་ཡིག་བཞིན་ནོ། །

              དེར་མ་ཟད་བྷིཀྵུ་ཞེས་པ་དྲང་ཐད་དུ་སློང་མོ་པའི་མིང་ཡིན་ལ། དགེ་སློང་ལ་གཅེས་པའི་མདོར། དགེ་བ་སློང་དང་ཟས་སློང་དང༌། །ཞེས་སྒྲ་འཇུག་པའི་རྒྱུ་མཚན་གསུངས་པར་བརྟེན་ནས་ལོ་ཙཱ་བ་རྣམས་ཀྱིས་དགེ་ཞེས་པ་བླ་ཐབས་སུ་བསྣན་ནས་དགེ་སློང་དུ་བསྒྱུར་བར་བུ་སྟོན་གྱིས་གསུངས་ཏེ། ཡང་དག་པའི་དགེ་སློང་དུ་འགྱུར་བ་ལ་སྲོག་འཚོ་ཙམ་གྱི་འཚོ་བས་ཆོག་ཤེས་པ་དེ་ལྟ་བུ་ཞིག་དགོས་སོ། །ཆོས་མངོན་པའི་མདོ་ལས། དགེ་སློང་སྲེད་པ་སྐྱེ་བ་ན་ཆོས་གོས་ཀྱི་ཕྱིར་དང༌། བསོད་སྙོམས་ཀྱི་ཕྱིར་དང༌། །མལ་ཆ་དང་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ། །ཞེས་དང༌། རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བར་ཁས་འཆེ་བའི་སློབ་མ་རྣམས་ལ་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་གསུམ་གྱིས་ནི་ཚུལ་བཅས་སོ། །བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་བོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ། །ཞེས་ཆོས་གོས་དང་བསོད་སྙོམས་དང༌། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་མ་ཆགས་པ་འཕགས་པའི་རིགས་སུ་བཤད་པ་ནི། །དྷཱ་ཏུ་དབྱིངས་སུ་བསྒྱུར་བས་སེམས་ཀྱི་ཆོས་ཉིད་ལ་འདོད་པ་དབུ་མ་བ་ལྟ་བུ་མིན་གྱི། རྒྱུ་ལ་རིགས་སུ་བྱས་པ་སྟེ། མཛོད་འགྲེལ་ལས། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞི་དག་སྟེ། ཞེས་འདོད་ཆུང་ཆོག་ཤེས་མེད་པར་ཐར་པ་དོན་དུ་གཉེར་བ་མི་འབྱུང་བས། ཐར་པའི་ལམ་སྣ་ཟིན་པ་དེ་ལ་ལྟོས་སོ། །དེ་ནས་མི་ཉམས་པར་འཕེལ་བའང་སྦྱངས་པའི་ཡོན་ཏན་ལ་རག་ལས་ཤིང༌། སྦྱངས་པའི་ཡོན་ཏན་བསྡུས་པའི་སྡོམ་ཡང་རིགས་འདི་དག་ཡིན་ཏེ། གང་སྤེལ་ལས། སྦྱངས་པའི་ཡོན་ཏན་ལ་གནས་པས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར། སྦྱངས་པའི་ཡོན་ཏན་རྣམས་ཀྱང་འཕགས་པའི་རིགས་ཀྱིས་བསྡུས་སོ། །ཞེས་དང༌། འདོད་ཞེན་ཆུང་བ་དང༌། ཆོག་ཤེས་པ་སྦྱངས་པའི་ཡོན་ཏན་ལ་གནས་པ་ཁོ་ན་ལ་ཡོད་ཀྱི། གཞན་ལ་མ་ཡིན་པས། དེ་གཉིས་ཀྱིས་རབ་ཏུ་ཕྱེ་བ་འཕགས་པའི་རིགས་རྣམས་ཀྱི་སྒོ་ནས་བསྟན་ཏོ། །གང་གིས་འཚོ་བ་དེ་ནི་ཚུལ་ཏེ། ཟས་དང་སྐོམ་དང་བགོ་བ་ལ་སོགས་པའོ། །ལས་ཀྱི་མཐའ་ནི་དེའི་ཆེད་ཀྱི་བཟོ་ལ་སོགས་པའི་བྱ་བའོ། །རྣམ་པ་གཅིག་ཏུ་ན། ཚུལ་ནི་རྒྱལ་པོ་ལ་བརྟེན་པ་ལ་སོགས་པ་ཡིན་ལ། ལས་ཀྱི་མཐའ་ནི་རྨོ་རྐོ་ལ་སོགས་པའོ། །

                ཞེས་རྒྱལ་པོ་ལ་བརྟེན་པ་སོགས་ཀྱི་ཐབས་དུ་མས་ཟས་ནོར་སྒྲུབ་པ་འཁོར་བ་པའི་ཚུལ་དང་ལས་ཀྱི་མཐའ་ཡིན་པས། ཐར་པ་འདོད་ན་དེ་ལས་བཟློག་སྟེ་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་ཡང་དག་པའི་དོན་སེམས་པས། ཚུལ་དང་ལས་ཀྱི་མཐའ་སྔ་མ་ལས་རྣམ་པ་གཞན་དུ་གྱུར་པ་དགོས་སོ། །ཐོས་སོགས་ཐར་པའི་ལས་ཀྱི་མཐར་འགྱུར་བའང་འདོད་ཆུང་ཆོག་ཤེས་ཀྱི་ཚུལ་ལ་བརྟེན་ནས་འབྱུང་བའི་ཕྱིར། རྩ་བར། ཚུལ་གནས་ཐོས་དང་བསམ་ལྡན་པ། །ཞེས་པའི་དོན། སློབ་དཔོན་རྒྱལ་བའི་སྲས་ཀྱིས། ཚུལ་གནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚུལ་ནི་ཚུལ་ཁྲིམས་ཏེ། དེ་ནི་འདུ་འཛི་མེད་པའི་རྒྱུ་དང༌། རྣམ་པར་མི་གཡེང་བའི་རྒྱུ་དང༌། ཆོ་ག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །བདེན་པ་མཐོང་བ་དང་མཐུན་པའི་ཞེས་བྱ་བ་ནི། ཐོས་པ་གང་ཞིག་བདེན་པ་མཐོང་བ་ལ་ཕན་འདོགས་པས་ཐོས་པ་དེ་འཛིན་ཅིང་འདོན་པར་བྱེད་དོ། །ཞེས་རྙེད་བཀུར་སྒྲུབ་པའི་དོན་གྱི་ཐོས་པ་ལྟ་བུ་འཁོར་བའི་ཕྱོགས་སུ་བསླན་ཞིང་བདེན་པ་མཐོང་བ་ལ་མི་ཕན་པས་བཀོལ་ནས་གསུངས་ཏེ། མདོར་ན་ཆོས་མངོན་པའི་རྣམ་འབྱེད་ཀྱི་ཤེས་རབ་ཀྱང་ཟས་གོས་སོགས་ཀྱི་ཞེན་པ་སྤོང་བ་ལ་ཐུག་གོ །མདོ་སྡེ་རྣམས་སུ་ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང་བྱ་བ་ལྟ་བུ་ཤིན་ཏུ་མང་ལ། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་འཆད་པའི་སྐབས་ཉིད་དུ། ཉི་ཁྲི་ལས། འདོད་ཆེན་ཆོག་མི་ཤེས་པ་སོགས་ཀྱི་གཉེན་པོར་སྐྱེས་བུ་ཆེན་པོའི་རྣམ་རྟོག་བདུན་ནམ་བརྒྱད་གསུངས་པའི་དགོས་པ་འཕགས་གྲོལ་གྱིས། སེམས་བསྐྱེད་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཉིད་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །
               དེ་ཡོངས་སུ་ཉམས་པའི་རྐྱེན་ནི་རྣམ་པ་དགུ་སྟེ། འཁྲིག་པའི་འདོད་ཆགས་དང༌། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། འདུ་འཛི་ལ་མངོན་པར་དགའ་བ་དང༌། ཞེས་སོགས་གསུངས་ལ། དེའི་རྐྱེན་གྱིས་ཁ་གསག་གཞོག་སློང་ཐོབ་ཀྱིས་འཇལ་བ་སོགས་ལོག་པའི་འཚོ་བ་སྣ་ཚོགས་འབྱུང་ཚུལ་ཀྱང་རྒྱས་པར་གསུངས་སོ། །དེར་དྲངས་པའི་མདོ་ལས་ཀྱང༌། ཆོས་འདི་ནི་འདོད་པ་ཆུང་བ་རྣམས་ཀྱི་ཡིན་གྱི། འདོད་པ་ཆེ་བ་རྣམས་ཀྱི་མ་ཡིན་པ་དང༌། ཆོག་ཤེས་པ་དང་རབ་ཏུ་དབེན་པ་དང༌། ཞེས་པ་ནས། ཤེས་རབ་དང་ལྡན་པ་རྣམས་ཀྱི་ཡིན་གྱི། ཤེས་རབ་འཆལ་བ་རྣམས་ཀྱི་མ་ཡིན། ཞེས་འདོད་ཆུང་ཆོག་ཤེས་ཁོ་ན་ཆོས་ཀྱི་གཞིར་གསུངས་ལ། བཞི་པའི་ཡོངས་སྦྱོང་དུ། ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱང་བ་ཡང་དག་སྡོམ་བསྟེན་དང༌། །ཞེས་པའི་དགོངས་པའང་རྒྱན་སྣང་དུ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་ལ་སྦྱོར་ཚུལ་ཞིག་མཛད་ཀྱང་དངོས་ཟིན་ལྟར་དགོན་པར་གནས་ཤིང༌། འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་སྦྱངས་པའི་ཡོན་ཏན་ལ་སློབ་པའང་སྡུད་དགོས་པར་གསུངས་ལ། སྦྱངས་པའི་ཡོན་ཏན་གྱི་ངེས་ཚིག་ཀྱང་གསེར་ཕྲེང་ལས། བལ་མ་བཤིག་མ་རྨེལ་པ་ན་སྐུད་པ་མི་རུང་ལ། དེ་ལས་བཟློག་ན་རུང་བ་བཞིན་དུ། བསོད་སྙོམས་ཆོས་གོས་གནས་མལ་ལ་ཆགས་པ་ན་སེམས་ལས་སུ་མི་རུང་ལ། ཡོན་ཏན་འདི་དག་གིས་ཚངས་སྤྱོད་ལ་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོང་བས་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །ཞེས་གསུངས་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་མདོ་སྡེའི་དོན་གྱི་ཏིང་ངེ་འཛིན་བསྐྱེད་པའི་འབྲེལ་བའང་འདི་ཡིན་པས་སྡེ་སྣོད་གསུམ་གྱི་དགོངས་པའི་མཐིལ་དུ་གྲུབ་བོ། །ཆོས་ཀྱི་རྩ་བར་གྱུར་པ་དེ་དག་ལ་ངེས་པ་གཏིང་ཚུགས་ཤིང་གོམས་པ་ངང་དུ་གྱུར་པ་ན། འོག་ན་འགྲོ་བ་ཆུ་ལས་མེད་པར་བྱས་ཏེ་ཁེངས་པ་དོར་ནས་དམན་པའི་ས་བཟུང་བས་གཤོང་དམའ་བར་ཆུ་བོ་འདུ་བ་བཞིན་ཆོས་ཀྱི་སྣོད་དུ་འགྲོ་བས། ཡོན་ཏན་གྱི་ཚོགས་ལ་བརྟེན་ནས་ཀུན་གྱི་བླ་མར་འགྱུར་བ་ཆོས་ཉིད་དེ། བུད་བསྙེགས་ཐོབ་གསུམ་དུ་གྲགས་སོ། །དེ་ནས་གང་ལ་སློབ་པའི་ཆོས་ཀྱི་ངོ་བོ་ཉིད་ནི་སྡོམ་པ་གསུམ་སྟེ། གང་ཞིག་སྲིད་པར་འཁྱམས་པ་དང་ཐར་པར་འགྲོ་བ་པོ་ནི་ཡིད་ཁོ་ན་ཡིན་ལ། དེ་ཉེས་པའི་ལམ་ལས་བཟློག་སྟེ་འཛིན་པ་ངེས་པའི་ཚིག་གི་ཚུལ་གྱིས་དྷརྨ་སྟེ་ཆོས་ནི་འདི་ལས་གུད་ན་མེད་དོ། །

              དེ་ལས་དང་པོ་སོ་ཐར་ནི་བསྟན་པའི་རྩ་བ་སྟེ་རྣམ་འབྱེད་ལས་བསྟན་པ་དང་སྟོན་པ་གཉིས་ཀའི་བདག་ཉིད་དུ་གསུངས་ལ། གཞིར་བསྟན་པ་གནས་མི་གནས་ལས་དང་ནན་ཏན་བྱེད་པ་ཡོད་མེད་ཀྱིས་འཇོག་པར་གསུངས་སོ། །གཞུང་རང་ལས་ཆེ་བའི་ཁ་ཟིན་དབྱུང་བ་ཁོ་ན་མ་ཡིན་གྱི། དུས་ཀྱི་འཁོར་ལོ་སོགས་ལས་བསྟན་པའི་འཕེལ་འགྲིབ་སོ་ཐར་ཁོ་ན་ལ་ལྟོས་པར་གསུངས་པ་དང༌། དཔུང་བཟང་གི་རྒྱུད་ལས་སྔགས་པ་ཁྱིམ་པས་ཀྱང་རྟགས་དང་ཆོ་ག་ཙམ་མ་གཏོགས་སོ་ཐར་བཞིན་སློབ་དགོས་པར་གསུངས་པ་སོགས་མཐའ་ཡས་སོ། །དེ་ལྟར་ཡོན་ཏན་མཐོང་ན་ཆ་ཕྲ་མོ་ཙམ་ཡང་རིས་སུ་མི་འབོར་བར་ལེགས་པར་སྦྱངས་ནས་བླང་དོར་ལ་གཅེས་སྤྲས་སུ་བྱ་བ་འབྱུང་བས་ལྟུང་བའི་སྒོ་དང་པོ་གཉིས་ཁེགས་ལ། དེ་ནས་སྤྱིར་དྲན་ཤེས་རྒྱུན་དུ་བསྟེན་ཅིང༌། བྱེ་བྲག་ཉོན་མོངས་གང་ཆེ་བའི་གཉེན་པོ་བསྟེན་པ་ནན་ཏན་དུ་བྱས་པས་ཕྱི་མ་གཉིས་ཁེགས་ཏེ་ཚུལ་ཁྲིམས་རྣམ་པར་དག་པས་ཐར་པའི་རྒྱལ་མཚན་ཚུགས་པར་འགྱུར་རོ། །དེ་ལྟ་ནའང་དྲིན་ཅན་གྱི་མ་རྣམས་ཡལ་བར་འདོར་མི་རིགས་པས། དེའི་དོན་མཐའ་དག་བསྒྲུབ་པའི་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཏེ། དེས་ཡོངས་སུ་བཟུང་བའི་དགེ་བ་རྣམས་ནི་ནམ་མཁའ་དང་མཉམ་པ་དང༌། ནམ་དུའང་མི་ཟད་པར་འགྱུར་བ་བློ་གྲོས་མི་ཟད་པས་བསྟན་པ་དང་ཞི་བ་ལྷའི་གཞུང་བཞིན་ཡིན་པས། གང་ལས་མི་འདའ་བར་བྱ་བ་དགེ་བའི་སྤྱོད་པ་མ་ལུས་པའི་སྙིང་པོ་དམ་པར་གྱུར་པ་ཡིན་ནོ། །འབྲོམ་སྟོན་འདའ་ཁར་པོ་ཏོ་བ་ལ་སེམས་བཟང་པོ་གྱིས་བྱ་བ་བཟླས་ཏེ་གསུངས་ལ། བཀའ་གདམས་གོང་མ་རྣམས་ཐུགས་དམ་འཕེལ་མི་འཕེལ་ཀྱང་འདིའི་སྒོ་ནས་བཞག་གོ །སེམས་འདི་དང་ལྡན་ན་ཉོན་མོངས་པའང་ལམ་གྱི་གྲོགས་སུ་འགྱུར་བས་འཁོར་བ་མི་འདོར་བའི་རང་བཞིན་ཞེས་བཤད་ལ། སྤྱོད་པ་ལས་གཡེལ་ཀྱང་ཉན་རང་ཟིལ་གྱིས་གནོན་པ་བྱམས་པའི་རྣམ་པར་ཐར་པ་ལས་འབྱུང་བས། ཐམས་ཅད་ཁ་སྒྱུར་བ་པོ་ནི་རྟེན་དམ་པ་ཞེས་སེམས་རིན་པོ་ཆེ་འདི་ཁོ་ན་ཡིན་པར་ཐེག་བསྡུས་ལས་བཤད་དོ། །

               སྙིང་སྟོབས་དང་བརྩེ་བ་ཆེས་ལྷག་པ། རང་གི་ངོས་ནས་ཅི་ཡང་བཟོད་ཀྱང༌། སེམས་ཅན་སྒྲོལ་བ་ལ་ཤིན་ཏུ་རིངས་པས་ཚེ་གཅིག་ཉིད་དུ་སངས་རྒྱས་འདོད་པས་ནི་སྔགས་ལ་སློབ་པར་བྱ་དགོས་ལ། འོན་ཀྱང་ལྕགས་སྦུག་ཏུ་སྦྲུལ་བཅུག་པ་འདྲ་བར་ཟང་ཐལ་གཉིས་འབྱུང་སྟེ། དམ་ཚིག་ཉམས་པ་རྡོ་རྗེའི་དམྱལ་བར་འཚེད་པས་ནི་ཕ་རོལ་ཏུ་ཕྱིན་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་དུས་ལས་ཀྱང་བརྒལ་བར་འགྱུར་རོ། །དམ་ཚིག་རྣམ་པར་དག་ན་དེ་ཉིད་ཁོ་ན་སྒྲུབ་པ་ཡིན་པས་སྐྱེ་བ་འདིའམ་བཅུ་དྲུག་ལས་མི་འགྱང་བར་མཆོག་འགྲུབ་པར་འགྱུར་རོ། །དེ་ལྟ་མོད་ཀྱང་ཆོས་འདི་ལ་གསང་སྔགས་ཞེས་བྱ་ལ། ད་ལྟ་ཚོང་འདུས་ཀྱི་ཟོང་བཞིན་གྱུར་ཏེ་ཆོས་ཀྱིས་རྙེད་པ་བསྒྲུབ་པ་ནི་ལེགས་པར་མ་རྙེད་པ་ཡིན་པས། གཏན་གྱི་ཁེ་ཉེན་བསམས་ཏེ་བསྒྲིམ་པར་བྱའོ། །དེ་དག་ཐམས་ཅད་མཐར་འདོན་པ་བླ་མའི་གདམས་ངག་མ་བརྗེད་པར་སེམས་པ་ལ་རག་ལས་ཤིང༌། ཇོ་བོ་བཀའ་གདམས་པ་རྣམས་བཤེས་གཉེན་དང་གདམས་པའི་མཆོག་མཚང་ལ་རྒོལ་ཞིང་མཚང་ཐོག་ཏུ་འབབ་པར་གསུངས་ཏེ། ཐུབ་པས་ཁྱོད་ཀྱིས་རྒྱུ་ལས་ཉོན་ལ་ཞུགས་པས་སྡུག་བསྔལ་འདི་བྱུང་ཞེས་པའང་མཚང་ལ་རྒོལ་བ་ཡིན་པས། ཉན་པ་པོས་ཀྱང་རྒྱལ་བུ་ཟླ་བའི་སྐྱེས་རབས་བཞིན། རང་གི་རྒྱུད་སྟེང་ནས་གོ་བ་རྙེད་པ་དགོས་སོ། །འབྱོར་པའམ། རྒུད་པའམ། བདེ་བའམ། སྡུག་བསྔལ་བའི་ཚེ་ཉོན་མོངས་ཅི་རིགས་སུ་འབྱུང་བས། ཐམས་ཅད་ཀྱི་ཚེ་བླ་མའི་གདམས་ངག་དྲན་པའི་གཉེན་པོས་སླེབས་པར་བྱ་དགོས་པ་ནི་བཤད་པ་མཐའ་དག་གི་སྙིང་པོ་མདོར་བསྡུས་པ་ཡིན་ནོ། །གདམས་པའི་མཆོད་ཡོན་སྡེབ་ལེགས་ཚིག་གི་རྔ་ཡབ་རྩེས། །མངོན་པར་འཐོར་བས་འཕྲལ་ལ་སིམ་པ་མཆོག་སྟེར་ཡང༌། །གཞུང་བརྒྱའི་བཅུད་དང་ལྷན་ཅིག་ལྷུག་པར་བཏུང་བ་ཡིས། །བློ་གྲོས་ལུས་རྒྱས་ཐར་ལམ་བགྲོད་པའི་མཐུ་ལྡན་ཤོག །

              ཞལ་གདམས་དེ་ཉིད་ཚིགས་བཅད་དུ་སྤེལ་བའི་བསླབ་བྱ་རྒྱས་པ་ཞིག་དགོས་ཚུལ་སྤྲུལ་བའི་སྐུ་རང་ནས་བསྐུལ་མ་བྱུང་ཡང༌། གོ་བ་བོགས་ཆོད་དུ་སྟེར་བ་ཞིག་དཀའ་བར་མཐོང་སྟེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཚིག་སྦྱོར་སྤངས་ཏེ་དོན་འགྲེལ་ཚུལ་དུ་དྲན་ཚོད་ཀྱི་ཐོ་ཙམ་འཕྲལ་ལ་སུག་བྲིས་སུ་བགྱིས་པའོ། །

                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།