རྣམ་རྟོག་རླུང་གིས་མགོ་བོ་འཁོར། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:14:12     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

74929347010745038.jpg

             ས་སྟག་ཟླ་༤ ཚེས་༧ ལ་ཐུན་གསེང་དུ། རྣམ་རྟོག་རླུང་གིས་མགོ་བོ་འཁོར། །སྙིགས་དུས་ཀྱི་སྤྱོད་པར་ཞེན་ཁ་ལོག །ཁ་འཁྱལ་སྐྱུག་པ་འཆོར་ཉེ་བས། །རང་རང་གི་ན་བཟའ་ཕར་ལ་འཐེན། །ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་གནས་ལ་གདེངས་ཆེས་པས། །རང་མགོ་སྨས་པ་ཨ་ཙ་མ། །རྣོ་ཕྱོགས་གཅིག་ཡིན་ན་ཆོག་པ་ལ། །འབད་རྩོལ་གྱི་རྟ་རྒོད་ཁ་ཡན་པོ། །བྱ་བའི་ཐང་ལ་རྒྱུག་ཆེས་ན། །གཡང་དུ་ལྟུང་བ་ཨ་ཙ་མ། །སྲབ་མཐུར་ཞིག་ཡོད་ན་ཆོག་པ་ལ། །རྒྱུ་ནོར་གྱི་གོ་རེ་ཅུང་རྡོག་དེ། །བརྣབ་སེམས་སྐྱུར་རྩིས་གསོབ་ཆེས་ན། །ཚལ་བར་འགས་པ་ཨ་ཙ་མ། །ཟ་བདེ་ཞིག་བྱུང་ན་ཆོག་པ་ལ། །སྨྲ་མཁས་ཀྱི་དཀར་ནག་ལྕེ་གཉིས་པོ། །གང་འགྲིག་ལ་གློག་བཞིན་འཁྱུག་ཆེས་ན། །རྩེ་མོ་འཆག་པ་ཨ་ཙ་མ། །ལྕེ་གཅིག་རང་ཡིན་ན་ཆོག་པ་ལ། །མཛའ་གཙུག་གི་གྲོགས་མཆེད་འཕང་འགོ་ཟུང༌། །ཚོད་མེད་ཀྱི་མཐུན་ཚབས་ཆེ་དྲགས་ན། །མཉམ་དུ་རུལ་བ་ཨ་ཙ་མ། །འགྲོགས་ལུགས་ཤིག་བྱས་པས་ཆོག་པ་ལ། །མིང་གོ་ས་སྐམ་པོའི་ཤིང་སྡོང་ལ། །ཇེ་མཐོོ་ཇེ་མཐོར་འཛེག་ཆེས་ན། །ཕྲས་ནས་ཆག་པ་ཨ་ཙ་མ། །རྐེད་པ་རུ་བསྡད་ན་ཆོག་པ་ལ། །གྲགས་སྐམ་གྱི་བོན་པོའི་རྔ་ཁོག་དེ། །ཚོད་མེད་དུ་ཤེད་ཀྱིས་བརྡུང་ཉེས་ན། །གཞུང་རལ་དུ་འགྲོ་བ་ཨ་ཙ་མ། །སྒྲ་ལྷོད་པོར་བྱས་ན་ཆོག་པ་ལ། །མཚན་སྙན་པོའི་རམ་གྱིས་བསྐྱབས་པའི་ཝ། །ཁྱད་འཕགས་ཀྱི་ཆེ་བ་འདོན་ཉེས་ན། །ཐན་སྐད་ཀྱིས་བརྒྱལ་བ་ཨ་ཙ་མ། །འཛུམ་དམོལ་ལེ་བཞུགས་ན་ཆོག་པ་ལ། །ཆོས་སྲིད་ཀྱི་འབྱོར་པའི་ཉི་ཟླ་གཉིས། །གནམ་གང་ལ་ལྷན་ཅིག་འཛོམ་ཆེས་ན། །མུན་ནག་ཏུ་འགྲོ་བ་ཨ་ཙ་མ། །ངན་པ་ཞིག་བྱུང་བས་ཆོག་པ་ལ། །བྱ་བཞག་གི་མདུན་གྲོས་གཙུབ་ཤིང་ཟུང༌། །ས་མཚམས་མེད་པར་བརྡར་ཆེས་ན། །གཉིས་ཀ་འཚིག་པ་ཨ་ཙ་མ། །དྲོས་ཐོག་ནས་བཞག་ན་ཆོག་པ་ལ། །བསོད་ཆུང་གི་མི་ངན་དྲེའུ་མོ། །ཁ་དྲག་དབང་ཆེའི་མངལ་སྦྲུམ་ན། །རང་གཤེད་དུ་འགྲོ་བ་ཨ་ཙ་མ། །ཤ་ཡང་དུ་བསྡད་ན་ཆོག་པ་ལ། །བསྟན་འགྲོའི་དོན་གྱི་འོ་མ་ཞིག །བསྲུབ་པའི་སྙིང་པོ་བཙལ་ཆེས་ན། །བཤད་དྲི་ཁ་བ་ཨ་ཙ་མ། །དཀར་ཡིན་ཐོག་ཏུ་བཞག་ན་ཆོག་པ་ལ། །འོ་དོད་འབོད་པའི་གླང་བུ་དེ། །སྐྱོན་གྱི་ས་རློག་འཕེན་ཆེས་པ། །རང་ཐོག་ཏུ་བབ་པ་ཨ་ཙ་མ། །ཁ་རོག་བསྡད་ན་ཆོག་པ་ལ། །གཏམ་འདི་ཀུན་ལ་འཕོག་གྱུར་ཅིག །ཕོག་ནས་གོ་བློ་སྐྱེ་གྱུར་ཅིག །ཕྱི་མ་ཅུང་ཟད་བསམ་གྱུར་ཅིག །བླང་དོར་ལག་ཏུ་ལེན་གྱུར་ཅིག །ཅེས་པ་ལྗགས་རྩོམ་མཛད།
             འཇམ་དཔལ་གཤིན་རྗེའི་གཤེད་པོ་དང༌། །དབྱེར་མེད་རྩ་བའི་བླ་མ་ཡིས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཕྱི་ནང་ཉེར་འཚེ་ཞི་བ་དང༌། །ཆོས་ལྡན་འདོད་དོན་འགྲུབ་པའི་ཕྱིར། །སྙིང་ནས་གུས་པས་གསོལ་འདེབས་ན། །འབྲལ་མེད་ཐུགས་རྗེས་བཟུང་དུ་གསོལ། །མ་འོངས་ཚེ་རབས་ཀུན་ཏུ་ཡང༌། །སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཕྱིར། །ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །འབྲལ་མེད་ཐུགས་རྗེས་བཟུང་དུ་གསོལ། །མདོར་ན་ལེགས་ཚོགས་ཀུན་གྱི་སྒོ། །ཁྱོད་ཞབས་གུས་པས་བསྙེན་པ་ལས། །མཆོག་ཐུན་དངོས་གྲུབ་མ་ལུས་པ། །བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །བླ་མའི་སྐུ་ཚེ་རབ་བརྟན་ཅིང༌། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས། །འགྲོ་ཀུན་དགེ་ལ་སྤྱོད་པ་ཡིས། །རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །

               ཅེས་པ་འདིའང་སུ་ཉིད་ཤོག་ནས་དད་ལྡན་རབ་འབྱམས་པ་བློ་བཟང་ཤེས་རབ་དང་བསྟན་འཕེལ་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།

                                                                                                          རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།