ལྟ་བའི་མགུར་མ་དེ་ཉིད་ལྟ་བའི་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-25 16:02:49     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

296149890592274629.jpg


               དཔལ་བདེ་ཆེན་ཐུགས་རྗེའི་བདག་ཉིད་དེ། །དབྱིངས་སྤྲོས་བྲལ་ངང་དུ་རོལ་པ་ཡིས། །མ་ཉམ་ཐག་འགྲོ་བའི་དབུགས་འབྱིན་པ། །རྗེ་བླ་མའི་ཞབས་རྡུལ་གཙུག་གིས་མཆོད། །གནས་འཁོར་བའི་སྡུག་བསྔལ་ཡོད་དོ་ཅོག །དགྲ་བདག་འཛིན་གདོན་གྱིས་བསྐྱེད་པས་ན། །དེ་དྲུངས་ནས་འབྱིན་པའི་ཐབས་ཚུལ་ལ། །བུ་ཐར་འདོད་ཡོངས་ཀྱིས་འབད་པར་རིགས། །ད་འོན་ཀྱང་ཕྲ་ལ་ཆེས་ཟབ་པ། །དོན་དེ་ཉིད་རིག་པའི་སྔ་རོལ་ན། །ཆེས་རགས་པའི་མི་རྟག་སྡུག་བསྔལ་དང༌། །སྟོང་བདག་མེད་རྟོགས་དགོས་རིམ་པ་མང༌། །ན་རྒན་གཞོན་མེད་པར་གློ་བུར་གྱི། །རྐྱེན་དུ་མས་འཆི་བ་མཐོང་བཞིན་དུ། །རང་འཆི་སྙམ་བློ་ཡང་མི་སྐྱེ་ན། །ལམ་ཟབ་མོའི་རྟོགས་པ་ག་ལ་སྐྱེ། །རྟེན་གཅིག་ལ་ལོ་ཟླ་རེ་རེར་ཡང༌། །སྐྱིད་སྡུག་དང་འབྱོར་རྒུད་ངེས་མེད་ཚུལ། །ཤེས་བཞིན་དུ་ཞེན་པ་ཨ་འཐས་ལ། །བློ་ངེས་འབྱུང་རྣལ་མའི་རེ་བ་དཀའ། །ཁོང་བྱེ་མདོ་སེམས་ཙམ་རང་རྒྱུད་པའི། །ཆོས་ལྟ་བུའི་སྐས་ལ་མས་རིམ་བཞིན། །ཡར་མ་འཛེག་དང་པོ་ཁོ་ན་ནས། །ཆེས་མཐོན་པོའི་སྦར་འཛིན་སྟོང་འུད་ཡིན། །ལར་བདག་ཅག་རང་རང་སྣང་བ་འདིར། །ཐོ་མ་རེག་བདེན་པ་སོར་བཞག་གི །བློས་བཅོས་པའི་དགག་བྱ་འགོག་པ་འདིས། །ཁོ་ལྷན་སྐྱེས་སྐུ་མཁར་བརྟན་དུ་གཏོང༌། །མིང་དབུ་མར་བཏགས་ཀྱང་རང་ཅག་རྣམས། །བློའི་ངོ་ན་བདེན་སྟོང་མཐར་ཐུག་གི །མཚམས་འདི་ལས་ཕྲ་ཞིང་ཟབ་པ་ཞིག །ཁོང་དོན་སྨྲ་རྣམས་ཀྱང་དགོངས་ཏེ་མཆི། །གཅིག་དུ་བྲལ་ལ་སོགས་གཏན་ཚིགས་ཀྱིས། །ཆོས་བདེན་མེད་ཁ་ཡིས་སྒྲུབ་ན་ཡང༌། །སེམས་གཏད་སོ་རྟག་གཅིག་རང་དབང་བའི། །བདག་ཕྱོགས་ཙམ་ཁེགས་ཀྱང་མཚར་དུ་ཆེ། །ཁོང་དོན་སྨྲ་དོན་གྱི་ས་ལེ་སྦྲམ། །བདག་རགས་པའི་གཡའ་དང་བྲལ་ཤུལ་ན། །དོན་བདེན་གྲུབ་དངོས་པོའི་རང་མདངས་ཤིག །ཚུར་རྣམ་པ་གཏོད་བྱེད་ཡོད་དོ་ཟེར། །དེ་བཀག་སྟེ་རྣམ་རིག་སྨྲ་བ་རྣམས། །ནང་འཛིན་པའི་པིར་གྱི་ངོས་འདི་ན། །ཡུལ་སྣ་ཚོགས་མདངས་བཀྲ་བག་ཆགས་ཀྱི། །ཚོན་བདེན་པའི་ཤས་ཅིག་ཡོད་པར་སྨྲ། །ཁོང་རང་རྒྱུད་པ་རྣམས་བདེན་པའི་དངོས། །ཡུལ་ཡུལ་ཅན་གང་ལ་མི་དམིགས་ཀྱང༌། །ལྕགས་རྡོ་དང་ཕྲད་པའི་རྟེན་འབྱུང་ལས། །མེ་འབྱུང་བ་སྲེག་བྱེད་རང་མཚན་ཟེར། །དཔལ་ཀླུ་སྒྲུབ་དགོངས་པ་མཐར་ཐུག་ནི། །བྱད་མེ་ལོང་ངོས་ལ་ཤར་བ་བཞིན། །སྣང་ཙམ་པོ་མ་གཏོགས་ཕྱི་ནང་ན། །དོན་ངོ་བོས་གྲུབ་པ་འགར་ཡང་མེད། །སའི་དུམ་བུར་དབུ་དང་ཕྱག་གོ་ཞེས། །མིང་བཏགས་ཀྱིན་བཅོས་པ་ཚོགས་ཙམ་ན། །ཕར་བཏགས་ཉམས་མེད་པར་རང་ངོས་ནས། །ཚུར་གྲུབ་གྲུབ་འདྲ་ཡང་ག་ལ་བདེན། །དེ་ཡིན་ཀྱང་ཚོགས་པའི་རྟེན་འབྱུང་གིས། །ལས་བསོད་ནམས་གསོག་པའི་གཞིར་འགྱུར་ཏེ། །རྐྱེན་ཚོགས་པས་ཁང་ཁྱིམ་ཆ་བྱད་སོགས། །ཀུན་དགོས་པ་སྒྲུབ་ལ་བསྙོན་དུ་མེད། །མགོན་སངས་རྒྱས་ནས་བཟུང་རང་ཅག་བར། །ཀུན་བདེན་མེད་བརྗོད་པའི་ཚིག་འདྲ་ཡང༌། །བློའི་འཆད་ཚུལ་ཤར་ནུབ་བཞིན་གྱུར་པས། །ལམ་སོ་སོ་རང་རིག་སྤྱོད་ཡུལ་གསུངས། །གང་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེར་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་གཞན་ལ་ལྟོས་ཕྱིར་སྟོང་པ་ཞེས། །གསུང་དེ་ལས་ལྷག་པའི་སྟོན་ཚུལ་མེད། །རྒྱུ་ཚོགས་བསགས་སྒྲིབ་སྦྱོང་གནད་སྨིན་ལ། །དེ་ཙམ་གྱིས་ལྟ་བ་རྟོགས་ནུས་ཏེ། །མི་ཕལ་ཆེར་སྐྱེས་ཕྱིར་མི་སྐྱེས་ཞེས། །ཚིག་དངོས་ཟིན་འགལ་བ་ལྟ་བུར་གོ །བློས་སྟོང་ཕྱོགས་བསམ་པས་སྟོང་ཚུལ་རེ། །འཆར་སླ་ཡང་ཉེན་དང་གོལ་ས་ཆེ། །ལུགས་འོག་མ་ཀུན་ཀྱང་རྟག་པ་ཡི། །མཐའ་སྟོང་པས་སེལ་བར་མགྲིན་གཅིག་སྨྲ། །སྣང་ཙམ་གྱི་རྟེན་འབྱུང་འདི་བསམ་པས། །དོན་སྟོང་པ་ཤར་ན་ཡ་མཚན་ཏེ། །ཀུན་བདེན་པར་ཞེན་པའི་རྐྱེན་དེ་ཡིས། །ཕྱིར་བདེན་འཛིན་གཞོམ་ནུས་སྐལ་བ་བཟང༌། །འབྲས་རྒྱུ་ལ་ལྟོས་པའི་རྟེན་འབྱུང་ཙམ། །ཡོངས་དངོས་པོར་སྨྲ་བ་ཀུན་འདོད་ཀྱང༌། །རྒྱུ་འབྲས་བུར་ལྟོས་ཤིང་དགྲ་གཉེན་སོགས། །ཀུན་ཕན་ཚུན་ལྟོས་པའི་བཏགས་ཡོད་འདི། །ཡུལ་དུས་གསུམ་བྱ་བྱེད་ཐམས་ཅད་ལ། །སྒོ་ཀུན་ནས་སྦྱར་ཏེ་དཔྱད་པ་ཡིས། །དུས་དེང་སང་སྣང་ཚད་བདེན་ཞེན་འདི། །གོ་བཟློག་པས་གང་སྣང་སྟོང་པར་འཆར། །དུས་དེ་ཚེ་ལྟ་བའི་དཔྱད་པ་རྫོགས། །དཔལ་ཀླུ་སྒྲུབ་ཡབ་སྲས་དགོངས་པ་རྙེད། །གཡང་རྟག་ཆད་མཐའ་ལས་གྲོལ་བ་ཡི། །མགོན་རྒྱལ་བ་དགྱེས་པའི་ལམ་དུ་ཞུགས། །དོན་དེ་ལྟར་སྒྲུབ་པའི་རྒྱུ་ཡི་གཙོ། །གཞི་དད་དང་ཚུལ་ཁྲིམས་ཞིང་ས་ལ། །ལྷ་བླ་མའི་བྱིན་རླབས་དྲོད་ཕེབས་ཤིང༌། །རྒྱུ་ངེས་དོན་དཔྱོད་པའི་ས་བོན་བཏབ། །རྐྱེན་ཚོགས་བསགས་སྒྲིབ་སྦྱོང་ཆུ་ལུད་བཀྱེ། །ལམ་གོལ་བའི་རྩྭ་དང་ལྡུམ་བསལ་ན། །གནད་མཐར་ཐུག་ལྟ་བའི་ལོ་ཏོག་འཁྲུངས། །རང་ཉམས་མྱོང་མེད་པའི་ཁ་བཤད་གླུས། །གཞན་ཆོས་ལ་འཁུལ་བ་དཀའ་མོད་ཀྱང༌། །ཕ་མཚན་ལྡན་བླ་མའི་གསུང་ཟློས་པའི། །དགེ་འདི་ཡིས་འགྲོ་ཀུན་རྒྱལ་གྱུར་ཅིག །

                         ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་པའི་གསུང་གིས་བསྐུལ་བ་ལྟར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།