བསླབ་བྱ་ནོར་བུའི་ཕྲེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-23 00:07:26     རྩོམ་པ་པོ།   ཞང་སྟོན་བསྟན་པ་རྒྱ་མཚོ།    ཀློག་ཐེངས།  

༄༅། །ཁོ་བོ་ཡབ་རྗེ་བླ་མ་དམ་པའི་སྲས། །

གཞུང་ལུགས་མང་དུ་ཐོས་པས་བཤད་པ་ཚ། །

མི་རིགས་སྣ་ཚོགས་འགྲོགས་པས་གོམས་པ་ཆེ། །

དེ་ཕྱིར་སྙིང་གི་བུ་ལ་འདི་ལྟར་བཤད། །

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །

མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །

ཆ་ལུགས་ཀུན་དང་བསྟུན་ན་བཟང་མོད་ཀྱང་། །

སྟོན་པའི་བཅས་པར་འགལ་ན་སྙིང་རུལ་ཡིན། །

གཞན་དོན་རེམ་པ་ཡ་རབས་ཡིན་མོད་ཀྱང་། །

རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཡིན། །

གཞན་ལ་ཁྱད་གསོད་མེད་ན་བཟང་མོད་ཀྱང་། །

བཟང་ངན་གང་བྱས་ཁྱད་མེད་གླེན་པ་ཡིན། །

ནོར་ལ་ཆགས་ཞེན་མེད་ན་བཟང་མོད་ཀྱང་། །

གཅིག་བཟུང་གཉིས་ཤོར་བྱས་ན་སྟོང་ཟད་ཡིན། །

སྤྱི་དོན་རལ་ཆོད་མེད་ན་བཟང་མོད་ཀྱང་། །

ཧ་ཅང་སེམས་ཆུང་བྱས་ན་སྐྱག་ཤོར་ཡིན། །

རང་ལ་བསགས་པའི་ནོར་རྫས་མང་ན་ཡང་། །

མང་བོའི་གསེབ་ཏུ་བསྟན་ན་འགོང་འདྲེ་ཡིན། །

ཀུན་ལས་ཁྱད་འཕགས་ཚད་མར་འཁུར་ན་ཡང་། །

ང་རྒྱལ་ཆེ་ན་རང་གཞན་ཕུང་བྱེད་ཡིན། །

རང་ཉིད་དགེ་བའི་བཤེས་གཉེན་ཡིན་ན་ཡང་། །

ཁྱད་གསོད་མང་ན་དགྲ་བོའི་གཡབ་མོ་ཡིན། །

འོག་མ་བྱམས་པས་བསྐྱངས་ན་བཟང་མོད་ཀྱང་། །

འཁོར་ངན་བསྐྱངས་ན་ཁ་མཆུའི་སྣ་འདྲེན་ཡིན། །

གཞན་གྱི་ཚོགས་དཔོན་བཀུར་བར་འོས་མོད་ཀྱང་། །

ཆེ་ཆུང་ཁྱད་མེད་ལུགས་སྲོལ་ཉམས་བྱེད་ཡིན། །

རང་དང་མཉམ་ལ་བཀུར་སྟི་བྱེད་དགོས་ཀྱང་། །

ཧ་ཅང་མཛེས་མཛེས་མང་ན་སྤྲེའུ་ཡིན། །

དམ་ཆོས་ཀུན་ལ་བཤད་ན་ལེགས་མོད་ཀྱང་། །

ཧ་ཅང་མང་ན་སྤྲང་བོའི་མ་ཎི་ཡིན། །

ཁ་ཚོད་བལྟ་ལ་ལྷག་པར་བཤད་དགོས་ཀྱང་། །

ཧ་ཅང་བཤད་ན་རང་མགོ་གཅོག་བྱེད་ཡིན། །

ཆོས་ཀྱི་ཡོན་ལ་མི་བལྟ་གལ་ཆེ་ཡང་། །

གསེར་ལ་རིན་ཐང་མེད་ན་ས་རྡོ་ཡིན། །

མན་ངག་ཟབ་མོ་གསང་བར་འོས་མོད་ཀྱང་། །

ཧ་ཅང་གསང་ན་གདམས་ངག་ཁོང་རུལ་ཡིན། །

དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན། །

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །

མངོན་ཤེས་མེད་ཕྱིར་གྲོགས་དང་འགྲོགས་པ་དཀའ། །

གཅིག་ལ་ཡིད་མི་ཆེས་ན་འདྲེ་དང་འདྲ། །

ཀུན་ལ་བློ་གཏད་བྱས་ན་རང་ཉིད་ཕུང་། །

འགྲོགས་ལུགས་དགྲ་ལ་ཚོལ་དང་ཟབ་པ་ཡིན། །

གཅེས་པའི་བུ་དང་སྙིང་གི་གྲོགས་ལ་ཡང་། །

སྙིང་གཏམ་སྔོན་དུ་མ་བཤད་རེ་ཞིག་གསང་། །

ཧ་ཅང་དགའ་བའི་དུས་དང་ཁྲོས་པའི་དུས། །

སེམས་ལ་གང་ཡོད་ཁ་ལ་འཆོར་ཉེན་ཡོད། །

དེ་ཕྱིར་དྲན་ཤེས་སྔོན་དུ་བསྟེན་བྱས་ནས། །

ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན། །

སྐྱོན་མཚང་ངན་པ་ཁ་ནས་གསང་ན་ཡང་། །

འོང་ལོ་རྗེས་ནས་བུད་ན་ངོ་རེ་ཚ། །

དེ་ཕྱིར་ལུས་ངག་བྱ་བྱེད་ཀུན་གྱི་སྟེང་། །

མཚང་ངན་ཕྱི་ལ་མི་འཆོར་མཁས་པ་ཡིན། །

རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད། །

གཞན་དཔེ་རང་ལ་སྦྱར་ན་ལྷག་པར་འཕྲོད། །

དེ་ཕྱིར་དཔྱད་ནས་བསམ་བློ་གཏོང་བ་གཅེས། །

གཞན་སྐྱོན་ལྐོག་ནས་གླེང་བ་མི་ངན་ཡིན། །

ཤེས་བཞིན་དྲང་བོར་མི་བཤད་བསམ་ངན་ཡིན། །

འོན་ཀྱང་སྐྱོན་མཚང་བཤད་ན་ཤེས་མཁན་དཀོན། །

དེ་ཕྱིར་གཞན་སྐྱོན་གློད་ནས་བཞག་ན་བདེ། །

བློ་གཏད་མི་ལ་གང་ཡག་བཤད་མི་དགོས། །

གང་ཞིམ་གང་བཟང་དེ་ལ་སྟེར་མི་དགོས། །

གལ་ལ་ཐུག་དུས་སྐྱིད་སྡུག་ཅི་བྱུང་ཡང་། །

བསླུ་མེད་སྙིང་ནས་བསྐྱངས་ན་ངོ་མཚར་ཆེ། །

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །

མི་རིགས་མི་གཅིག་མོག་མོག་རྟ་སྤུ་འདྲ། །

བསམ་པ་མི་གཅིག་བལ་བོའི་རས་ཁྲ་འདྲ། །

དེ་ཕྱིར་སྔོན་དུ་ཁ་ཚོད་མ་བླངས་པར། །

འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང་། །

རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད།།

ཤ་ཚ་ཅན་དང་བསམ་ངན་ནོར་ས་ཡོད།།

དང་བོར་བཟང་ཀྱང་ཕྱིས་ནས་ངན་པ་ཡོད།།

དེ་ཕྱིར་མ་བརྟག་བློ་གཏད་བྱེད་པ་མཚང་།།

ཆང་འཐུང་གླུ་ལེན་ཤོ་དང་མིག་མང་རྩེ། །

གོ་ཚད་མཐོང་ཚད་ཀུན་གྱི་ལད་མོ་བྱེད། །

སྣང་བར་གང་དྲན་སྨྱོན་པ་ལྟ་བུ་ཡི། །

བག་མེད་མི་ལ་བྱ་བྱེད་འཆོལ་བ་མཚང་། །

ཁྱི་ལ་ཤ་རློན་བཅོལ་བ་ལྟ་བུ་ཡི། །

ཤ་མི་ཚ་ལ་ཕུག་ནོར་བཅོལ་བ་མཚང་། །

ཐལ་མོ་སྦྱར་ནས་བླ་མར་འཕྱ་བ་ཡི། །

དད་པ་མེད་པ་སློབ་མར་བསྟེན་པ་མཚང་། །

ནོར་དང་གདམས་དག་བརྗེ་བའི་ཉོ་ཚོང་མཁན། །

སྙིང་རྗེ་མེད་པ་བླ་མར་བསྟེན་པ་མཚང་། །

ཅི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི། །

ཁྲེལ་གཞུང་མེད་པ་གྲོགས་པོར་བསྟེན་པ་མཚང་། །

ནོར་དང་ལུག་ལ་སྐད་ཆ་བཤད་པ་བཞིན། །

མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །

སྔ་ཕྱི་གང་ཡང་འདང་རྒྱག་མེད་པ་ཡི། །

མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང་། །

མཚང་དུ་ཤེས་ཀྱང་ད་དུང་མི་འདོར་ན། །

རང་ཉིད་སྨྱོན་པ་ཡིན་པར་ཤེས་པར་བྱ། །

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །

ཞག་གསུམ་ལོན་ན་ཨ་བ་བསད་ཀྱང་བརྗེད། །

ནོར་རྫས་བསྟན་ནས་ཨ་མའི་སྐེ་ཡང་ལེན། །

གལ་ལ་ཐུག་ན་བླ་མའི་དབུ་ཡང་སྐོར། །

འདོད་པ་ཡོད་ན་རང་གི་བུ་ཡང་བཙོང་། །

དུས་ངན་མི་ངན་སྤྲིན་བར་ཉི་མ་འདྲ། །

ཉེ་རིང་ཡོངས་ལ་ལོ་གཅིག་མ་བརྟེན་པར། །

བྱ་བྱེད་འཆོལ་ན་མྱུར་དུ་ནོངས་པར་འགྱུར། །

རང་ལ་བརྟེན་པའི་སྐྱོན་མཚང་ངན་པ་དེ། །

གཏམ་ངན་རླུང་གིས་ཁྱེར་ན་ཟིན་དུས་མེད། །

བརྒྱ་སྡེ་ཁ་ལོག་སྟོང་སྡེ་ངོ་ལོག་ཀྱང་། །

ཁྲེལ་མེད་གཅེར་བུར་བུད་ན་ཞབས་འདྲེན་ཟེར། །

ཧ་ཅང་མཐོལ་བཤགས་མང་ན་རང་རྒྱུས་འཆོར་། །

དག་ཚང་ཐབས་ཀྱིས་ཤེས་ན་མཁས་པ་ཡིན། །

རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་བས་ན། །

དོགས་པ་རང་གིས་བསུས་ན་བདུད་རིགས་དགའ། །

ཕུང་བྱེད་གྲོགས་སུ་བསྒྱུར་པའི་ཐབས་ཤེས་ན། །

དགའ་རབ་དབང་ཕྱུག་གིས་ཀྱང་ཐུབ་པ་དཀའ། །

ཁྱི་རྒན་རུས་པ་སྐམ་པོ་སྲུང་བ་བཞིན། །

ཟས་ལ་ཞེན་པ་མ་ཆེ་མི་ལ་བྱིན། །

ཡི་དྭགས་ཉམ་ཐག་གཏེར་ཁ་སྲུང་བ་བཞིན། །

ནོར་ལ་སེར་སྣ་མ་ཆེ་ཆོས་ལ་ཐོངས། །

དབྱར་དུས་སྤྲིན་བར་ཉི་མ་ཇི་བཞིན་དུ། །

བཞིན་ལ་འགྱུར་ལྡོག་མ་མང་འཛུམ་གྱིས་བསུས། །

རི་རྩེའི་དར་ལྕོག་རླུང་གིས་བསྐྱོད་པ་བཞིན། །

དགྲ་ཟུན་གཤག་རལ་མ་མང་སྤྱི་སྙོམས་བསྟེན། །

ད་ལོ་བཟང་ཡང་སང་ཕོད་ངན་པ་ཡོད། །

འཁོར་ལ་བསྟོད་ར་མ་སྔ་བློ་ཁོག་ལྟོས། །

ངན་པ་ཡིན་ཀྱང་བཟང་བོར་འགྱུར་བ་སྲིད། །

མྱུར་དུ་སྨད་ར་མ་བྱེད་ཐབས་ཀྱིས་སྐྱོངས། །

ཁས་བླངས་སྒྲུབ་པར་མ་ནུས་ངོ་ཚ་ཉོ། །

སུ་ལ་ཁས་ལེན་མ་བྱེད་ལག་ལེན་སྐྱོངས། །

སེམས་སྡུག་ལྷག་པར་བསྐྱེད་ལ་དགོས་པ་མེད། །

གང་ལ་ཉེས་ཁ་མ་འདིངས་བྲོད་ཁ་བསྐྱེད། །

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །

ཁ་ངན་ཁ་ལ་ཟོར་བ་ཐོགས་པ་དེ། །

དགྲ་བོའི་དམག་སྣ་འདྲེན་པའི་གཡབ་མོ་ཡིན། །

དུག་གི་ཁ་རླངས་སྤྲོ་བའི་དུག་སྦྲུལ་འདྲ། །

དེ་ཕྱིར་ཁ་ལ་ཚོད་ཅིག་ཡོད་པར་མཛོད། །

གང་དྲན་ལག་ཏུ་ལེན་པའི་བྱ་མང་དེ། །

ཕུང་འགྱོད་སྣ་དགུ་འདྲེན་པའི་ཕོ་ཉ་ཡིན། །

ལུས་སེམས་གཉིས་ཀ་འབྲད་པའི་སེག་བརྡར་ཡིན། །

དེ་ཕྱིར་བྱེད་རྒྱུ་མ་མང་ལྷོད་ལ་སྡོད། །

སེམས་ལ་དྲན་རྒྱུ་མང་བའི་བློ་མང་དེ། །

འདུན་མ་གཅིག་ལ་མི་ཞོག་དཀྲུག་ཤིང་ཡིན། །

ཉིན་པར་སེམས་འཁྲུག་མཚན་མོར་གཉིད་མི་འོང་། །

དེ་ཕྱིར་བློ་སྣ་མང་པོ་རྦད་ཀྱིས་ཆོད། །

ཅུང་ཟད་ཙམ་ཡང་མི་བཟོད་གཤིས་ངན་དེ། །

ཚེ་འདིར་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཡིན། །

ཕྱི་མའི་དགེ་རྩ་འཇོམས་པའི་ཕྱགས་མ་ཡིན། །

དེ་ཕྱིར་ཁོག་ཡངས་རང་བཞིན་བཟང་བོ་མཛོད། །

ནང་གི་རང་སེམས་དགྲ་རུ་མ་ལྡང་ན། །

ཕྱི་ཡི་འདྲེ་གདོན་སུས་ཀྱང་ཐུབ་པར་དཀའ། །

དོན་མེད་དོགས་པ་ཟ་བ་ཆོ་འཕྲུལ་ཡིན། །

རྣམ་རྟོག་སྡུག་འདྲེའི་ཕུང་ཁྲོལ་ལགས་པས་སྤོངས། །

ཡོན་ཏན་རང་བཞིན་བཟང་བོའི་ཙན་དན་ཤིང་། །

འཁོར་ངན་སྦྲུལ་གྱིས་དཀྲིས་ན་འཁོར་མཁན་མེད། །

མེ་ཏོག་བཟང་བོ་ཚེར་མས་གཡོགས་འདྲ་བའི། །

འཁོར་ངན་གཏམ་གྱི་གཞི་མ་ལགས་པས་སྤོངས། །

ཟླ་བ་དཀར་ཡང་རི་བོང་གཟུགས་ཀྱིས་སྦགས། །

མེ་ཏོག་ལེགས་ཀྱང་དྲི་ངན་འཐུལ་བས་སྦགས། །

མཛོ་སྦྲེལ་གཡང་ལ་ལྷུང་བ་ལྟ་བུ་ཡི། །

གྲོགས་ངན་འགྱོད་པའི་རྩ་བ་ལགས་པས་སྤྲོངས། །

ངས་ཐུབ་ངས་ཤེས་གླ་མེད་གཡོག་པོ་ཡིན། །

མི་ཆོས་རྐང་བའི་ཐི་གུ་ལགས་པས་སྤོངས། །

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །

ཆགས་སྡང་ཆེ་ན་རྩྭ་སྐྱ་མེ་ཤོར་འདྲ། །

དུས་ངན་སྙིགས་མའི་ནག་ཕྱོགས་རླུང་གིས་བསྐྱོད། །

ཆོས་པ་ཡོངས་ཀྱི་སྒབ་འདྲེར་ཆགས་སྡང་གནོད། །

གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། །

དམན་སར་བསྡད་ན་མཐོ་སར་བསླེབ་པར་འགྱུར། །

ཇི་ལྟར་བགྱིས་ཀྱང་དམན་ཆ་བླང་བར་འཚལ། །

དེང་དུས་སྐྱེ་བོའི་ཚོགས་རྣམས་གསར་འགྲོག་ཆེ། །

ཟླ་འགའ་ལོ་འགའ་ལོན་ནས་གཟབ་པར་འཚལ། །

སྒུར་སྒུར་ཞུམ་ཞུམ་བྱེད་ཚད་ཆོས་པ་མིན། །

ཆོས་མིན་ཆོས་པར་རྫུ་ལ་གཟབ་པར་འཚལ། །

གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན། །

ཁ་འཇམ་ཁོང་རྩུབ་ཕྱོགས་ལ་གཟབ་པར་འཚལ། །

སྐྱོན་མཚང་བྲུས་ནས་བཤད་པ་བསམ་དཀར་རྟགས། །

རང་གི་ཁོང་ཁྲོའི་ཕྱོགས་ལ་གཟབ་པར་འཚལ། །

ངས་ཐུབ་ངས་ཤེས་ཟེར་བ་བློ་གཏད་མེད། །

བསླུ་བྲིད་མགོ་སྐོར་ཕྱོགས་ལ་གཟབ་པར་འཚལ། །

འདིར་བྱོན་འདིར་བཞུགས་ཟེར་བ་བཀུར་སྟི་མིན། །

རང་མཉམ་གྲལ་མཉམ་ཕྱོགས་ལ་གཟབ་པར་འཚལ། །

གང་བཟང་གང་ཆེ་སྟེར་བ་ཕན་སེམས་མིན། །

ཁ་ལན་སྐྱིན་པའི་ཕྱོགས་ལ་གཟབ་པར་འཚལ། །

ཉམ་ཐག་སྐད་ངན་འདོན་ཀྱང་ངེས་པ་མེད།།

འགོང་བོ་ལག་ཟེད་ཕྱོགས་ལ་གཟབ་པར་འཚལ།།

མཐོ་ལ་ཕྲག་དོག་མ་བྱེད་སྤྱི་བོས་བཀུར།།

དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོངས། །

མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས། །

འཕྲལ་དུ་མིག་གིས་མཐོང་རྒྱུ་མ་བྱུང་རུང་། །

དཀར་པོ་དགེ་བའི་ལས་ཀྱི་མཐའ་འདི་བཟང་། །

ནག་ཕྱོགས་དམུ་རྒོད་མགོ་འཕང་མཐོ་ན་ཡང་། །

ལས་འབྲས་མི་བསླུ་ནམ་ཕུགས་རྒུད་དེ་འོང་། །

ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། །

རྐང་བས་བཟུང་ནས་དམྱལ་བར་འཕེན་མཁན་མེད། །

རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། །

རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། །

མཐོ་སར་བཞག་ཀྱང་འོག་ཏུ་ལྷུང་ཉེན་ཡོད། །

དམའ་སར་བསྡད་ཀྱང་གོང་དུ་འཆོར་བ་ཡོད། །

སྐྱིད་པོ་ཚོད་མ་ཐིག་ན་ཐ་མ་སྡུག །

འོ་ཟངས་ཁ་ལེབ་བརྒྱབ་ན་འཕོ་འདོད་ཡིན། །

རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང་། །

ཟླ་བ་མང་ངོའི་རྗེས་ན་ཡར་ངོ་ཡོད། །

བསླབ་བྱ་བཤད་ན་སུས་ཀྱང་ཤེས་མོད་ཀྱང་། །

དགོས་དོན་ལག་ལེན་བྱེད་པ་ཉིན་སྐར་ཙམ། །

གཞན་ལ་མགོ་སྐོར་ཐུབ་པ་གཡོ་སྒྱུ་ཡིན། །

ཀུན་ལ་སྐྲག་རྒྱུ་མེད་པ་དཔའ་བོ་ཡིན། །

དཔྱད་ན་དོན་དག་ཤེས་པ་གསལ་བོ་ཡིན།།

བཤད་ན་ངོ་མཚར་ཆེ་བ་ཁ་གསལ་ཡིན། །

རྒྱུན་དུ་རང་དོན་འབད་པ་མཁོ་ཉག་ཡིན། །

དེ་དག་རྣམས་ལ་མཁས་པ་ཟེར་བ་མིན། །

གཞན་ལ་གཡོ་སྒྱུས་མགོ་སྐོར་ཐུབ་ན་ཡང་། །

ཉིན་གཅིག་ལེ་ལན་རང་ལ་འཁོར་ནས་ཡོང་། །

སྐྲག་རྒྱུ་མེད་པ་དཔའ་བོ་ལོས་ཡིན་ཀྱང་། །

ཚམ་ཚོམ་མེད་པ་ཕྱེ་ལེབ་མེ་ལྕེབ་འདྲ། །

གཞན་དོན་དཔྱད་ན་གསལ་བོ་ཡིན་ན་ཡང་། །

མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ། །

རང་དོན་འཕྱུག་པ་མེད་ན་མཁས་པ་ཡིན། །

ལེགས་ཉེས་དཔྱད་ནས་ཤེས་ན་མཁས་པ་ཡིན།།

ཕན་པར་སྨྲ་བ་བླ་མ་ཡིན་ཡང་དཀོན། །

དེ་ལ་ཉན་པ་བུ་ཚ་ཡིན་ཡང་དཀོན། །

བསླབ་བྱ་ཞུ་བ་མང་ཡང་སློབ་པ་དཀོན། །

དམ་ཆོས་བཤད་པ་མང་ཡང་སྒྲུབ་པ་དཀོན། །

ཚིག་གི་བཟང་ངན་ཙམ་གྱིས་ཕན་ཐོགས་མེད། །

ཡུན་དུ་དཔྱད་ན་ཤིན་ཏུ་ཕན་པར་ཡོད། །

ཆུང་ངུའི་དུས་ན་ཚུལ་བཞིན་བསྟེན་པའི་བུ། །

ཕ་རྒན་སྙིང་གི་གཏམ་འདི་སེམས་ལ་ཆོངས། །

ཕྱིན་ཆད་འདི་འདྲ་རྣ་བས་ཚོར་རྒྱུ་མེད། །

ཡོད་རུང་སྙིང་གཏམ་ཡིན་མིན་ཤེས་པ་དཀའ། །

ཆ་རྒྱུས་ཡོད་མེད་གང་དུ་བསྡད་ཀྱང་རུང་། །

གཏམ་འདི་སྙིང་ལ་ཆོངས་ཤིག་ཕ་ཡི་བུ། །

                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།

           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།