གནད་ཀྱི་དོན་བཅུ་དྲུག་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-08-22 23:10:24     རྩོམ་པ་པོ།   ལྷ་སྡེ་པནྜིཏ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

གནད་ཀྱི་དོན་བཅུ་དྲུག་མ།

-----------ལྷ་སྡེ་པནྜིཏ་ཡེ་ཤེས་རྒྱ་མཚོ་སྐུ་གཤེགས་ཁར་སློབ་མ་རྣམས་ལ་ངག་ཐོག་ནས་སློབ་མ་རྣམས་ལ་ཞལ་ཆེམས་ཀྱི་བསླབ་བྱར་གནང་བ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།།

ངུར་སྨྲིག་རྣམ་རོལ་བླ་མ་རྡོ་རྗེ་འཆང༌།།

བདག་ཅག་དེང་ནས་བྱང་ཆུབ་མ་ཐོབ་པར།།

འབྲལ་མེད་རྗེས་སུ་ཟུངས་ཤིག་རྡོ་རྗེ་འཆང༌།།

རང་ཤོང་སྤྱིལ་བོར་བསྡད་པའི་ཁ་ན་མེད།།

རང་སེམས་ནང་དུ་སྐོར་བ་གནད་ཀྱི་དོན།།

བླ་མས་རྗེས་སུ་བཟུང་བའི་ཁ་ན་མེད།།

རང་གི་བསྟེན་ཚུལ་ལེགས་པ་གནད་ཀྱི་དོན།།

རྒྱལ་བའི་བསྟན་དང་མཇལ་བའི་ཁ་ན་མེད།།

བསྟན་རྩ་རང་ལ་ཡོད་པ་གནད་ཀྱི་དོན།།

བློ་ཁ་ཆོས་ལ་ཕྱོགས་པའི་ཁ་ན་མེད།།

ཉིན་མཚན་དགེ་ལ་འབད་པ་གནད་ཀྱི་དོན།།

དལ་འབྱོར་མི་ལུས་ཐོབ་པའི་ཁ་ན་མེད།།

དལ་བ་དོན་ཡོད་བྱེད་པ་གནད་ཀྱི་དོན།།

ད་ལྟ་ནད་མེད་བདེ་བའི་ཁ་ན་མེད།།

རང་སྡིག་རྗེས་ནས་མེད་པ་གནད་ཀྱི་དོན།།

གཞུང་ལུགས་མང་དུ་ཐོས་པའི་ཁ་ན་མེད།།

ཐོས་དོན་རྒྱུད་ལ་སྦྱོར་བ་གནད་ཀྱི་དོན།།

ཚིག་འཁྲི་ཤགས་འགྱེད་བྱང་བའི་ཁ་ན་མེད།།

དངོས་ཤུགས་དོན་ལ་རྟོན་པ་གནད་ཀྱི་དོན།།

ཀུན་འབྱུང་རབ་དབྱེ་ཤེས་པའི་ཁ་ན་མེད།།

དེ་དག་གཉེན་པོ་བསྟེན་པ་གནད་ཀྱི་དོན།།

སྡོམ་གསུམ་ཁས་ལེན་དཔའ་བའི་ཁ་ན་མེད།།

བཅས་ཁྲིམས་ཚུལ་བཞིན་སྲུང་བ་གནད་ཀྱི་དོན།།

སྐྱབས་གནས་བསླུ་མེད་བསྟེན་པའི་ཁ་ན་མེད།།

དེ་ལ་ཡིད་ཆེས་བྱེད་པ་གནད་ཀྱི་དོན།།

བདེན་བཞིའི་མཚན་ཉིད་ཤེས་པའི་ཁ་ན་མེད།།

སྡུག་བདེན་ཉེས་དམིགས་མཐོང་བ་གནད་ཀྱི་དོན།།

ཆོས་ལ་འབད་འབུངས་བྱས་པའི་ཁ་ན་མེད།།

ཚེ་འདིའི་སྣང་ཤས་ཟློག་པ་གནད་ཀྱི་དོན།།

བདེན་སྟོང་ཁ་ཕོ་སྒྲོག་པའི་ཁ་ན་མེད།།

ལས་འབྲས་བསླུ་མེད་ཤེས་པ་གནད་ཀྱི་དོན།།

དམ་ཆོས་བདུད་རྩིར་སྤྱོད་པའི་ཁ་ན་མེད།།

སྡིག་ལ་རང་གིས་འཛེམ་པ་གནད་ཀྱི་དོན།།

འགྲོ་རྣམས་མར་གྱུར་ཟེར་བའི་ཁ་ན་མེད།།

དེ་དོན་བྱང་ཆུབ་བསྒྲུབ་པ་གནད་ཀྱི་དོན།།

ཆལ་ཆོལ་ངག་སྒྲོས་སོགས་ལ་མི་བརྩོན་པར།།

ཡབ་རྗེའི་གཞུང་བཟང་གདམས་པའི་མཆོག་ཏུ་ཟུངས།།

རྒྱལ་བསྟན་ཉི་མ་ཕྱོགས་བརྒྱར་གསལ་བའི་དུས།།

རང་མཐོངས་སྲིན་བུའི་སྣང་བར་མ་ཞེན་ཅིག།

                                                   རྩོམ་པ་བོའི་ལོ་རྒྱུས།

         ལྷ་སྡེ་པནྜིཏ་ཆེན་མོ་ལྷ་སྡེ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་ནི་ཡུལ་མདོ་སྨད་ཀྱི་འབྲོག་སྡེ་ཆེན་མོ་ཨ་ཚོགས་ལྷ་སྡེར་འཁྲུངས།ཆུང་དུས་ནས་རབ་ཏུ་བྱུང་སྟེ་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཚོགས་ཆོས་འགྲིམ།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞྭ་དམར་པནྜི་ཏའི་ཞལ་སྔ་ནས་དང་སྨྲ་བའི་སེང་ཆེན་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་ལ་སོགས་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པས་ལྷ་སྡེ་པནྜིཏ་ཞེས་པའི་སྙན་པ་ཕྱོགས་སུ་ཁྱབ་ཅིང་ངྷི་ཚའི་ཨ་ཁུ་རྣམ་པ་གསུམ་གྱི་གྲས་སུ་གྱུར།དགོན་དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྒྱ་ཆེར་མཛད་པས་བུ་སློབ་བསྟན་པའི་རྒྱན་དུ་གྱུར་པ་མང་དུ་བྱོན།

        རྗེས་སུ་ཕྱོགས་ངེས་མེད་དུ་རི་ཁྲོད་འགྲིམ།རྗེ་བཙུན་བྱམས་པ་བཟང་བོ་ལས་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཞུས་ཏེ་ཐུགས་སྲས་སུ་གྱུར།ཨ་ཚོགས་དགོན་པར་བཞུགས་དུས་ཀླུ་རྩེ་འཇིགས་མེད་དགེ་ལེགས་བསྟན་འཛིན་གྱིས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་གནང་དུས་བླ་སློབ་དུ་སོང་ཕྱིན་འདི་བས་ཆེད་དུ་རྙེ་མཁས་གྲུབ་བསྟན་འཛིན་ལ་ཞུས་པ་བཞིན་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དུ་གདན་དྲངས་ཏེ་དབང་ལུང་རྗེས་གསུམ་གང་འདོད་དུ་གནང༌།སུམ་རྟགས་དང་སྐར་རྩིས་སོགས་ཐ་སྙད་རིག་གནས་དང་ཡིག་རིགས་སྣ་ཚོགས་ཀྱི་འབྲི་སྟངས་བཅས་བསླབས།བསྒྲུབ་བྱ་མང་བོར་དགེ་ཚུལ་སློང་གི་དངོས་པོ་བསྩལ།དགོན་པ་འདིའི་དགེ་རྒན་དུ་རྒྱུན་བཞུགས་མཛད་པའི་གསོལ་བ་བཏབ་པར་ཁོང་འདི་གར་ཡུན་རིང་དུ་སྡོད་མི་ཐུབ།དེ་བས་ཁོང་གི་དངོས་སློབ་སྟོང་ཆོས་གྲགས་པ་རྒྱ་མཚོ་ཞུས་ཞེས་པའི་སློབ་སྟོན་བཞིན་རྗེ་དེ་ཉིད་ཞུས་ཏེ་དགོན་འདིར་དུ་མཚན་ཉིད་བཙུགས། དཔའ་རིས་ཨ་ལགས་པྲ་ཏིས་ཞུས་ངོར་ངྷི་ཚ་དགོན་པར་བཀའ་བསྟན་གྱི་བཀླགས་ལུང་གནང༌།དཔའ་རིས་རྩ་ལུང་དགོན་པར་མུ་དྲ་བརྒྱ་རྩ་གནང༌།ང་གཅིག་ལོར་རང་དགོན་དུ་ཞི་བར་གཤེགས།

                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།

           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།